འདི་ནས་སེམས་ཚོར་དྲག་པོ་དང་ངང་རྒྱུད་རིང་པོས་བོད་གི་དྲ་རྒྱ་ཇུས་འགོད་ཞུ་བཞིན་པ་ཡིན།

བོད་ཀྱི་གླེགས་བམ།
ལས་རིམ།འཆར་འགོད།

བཀྲ་ཤིས་རྟགས་བརྒྱད་དང་དེའི་མཚོན་དོན་ངོ་སྤྲོད།

བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་བརྙན་བྲིས་འབུར་སྣ་ཚོགས་གཙུག་ལག་ཁང་དང༌། ཡུལ་གྲོང་ཁང་ཁྱིམ་སོགས་སུ་བཀོད་པའི་དགོས་པ་དང་རྒྱུ་མཚན་ནི། མཛེས་རྒྱན་ལ་ཕན་པ་དང༌། གཟུགས་བརྙན་དེ་དག་གང་དུ་མཆིས་པ་དེར་བཀྲ་ཤིས་ཀྱི་དགེ་མཚན་འཕེལ་བ་དང༌། བྱ་བ་ལམ་ལྷོང་ཡོང་བའི་བསམ་འདུན་འགྲུབ་པའི་རྟེན་འབྲེལ་མཚོན་པར་བྱེད་པ་ཡིན།

བཀྲ་ཤིས་རྟགས་བརྒྱད་དང་དེའི་འགྲེལ་བཤད།

༡༽ རིན་ཆེན་གདུགས་ཀྱིས་ནི།

ཚེ་འདིའི་ནད་རིམས་གདོན་བགེགས་སོགས་བར་ཆད་མི་མཐུན་པའི་འགལ་རྐྱེན་དང༌། ཕྱི་མ་ངན་སོང་གསུམ་དང་ལྷ་མིའི་སྡུག་བསྔལ་སོགས་འཕྲལ་དང་ཡུན་གྱི་ཚ་གདུང་མཐའ་དག་ལས་སྐྱོབ་ཅིང༌། ཕན་བདེའི་གྲིབ་བསིལ་གྱི་དགའ་སྟོན་ཡངས་པོར་འབེབས་པའི་རྟེན་འབྲེལ་མཚོན།

༢ ༽ གསེར་ཉས་ནི།

ཉ་ཆུང་རྣམས་ཆུ་མཚོར་འཇིགས་པ་མེད་ཅི་དགར་ཕྱོགས་ཤིང་རྒྱུ་བ་ལྟར་རང་གཞན་རྣམས་སྡུག་བསྔལ་ཀྱི་རྒྱ་མཚོར་བྱིངས་པའི་འཇིགས་པ་མེད་ཅིང༌། དེ་ནས་བདེ་བར་ཐོགས་མེད་དུ་རང་དབང་གིས་རྒྱུ་ཞིང་རྩེན་པའི་རྟེན་འབྲེལ་མཚོན།

༣ ༽ རིན་ཆེན་གཏེར་བུམ་གྱིས་ནི།

ཚེ་དཔལ་ལོངས་སྤྱོད་སོགས་ཁམས་གསུམ་གྱི་སྲིད་དང་ཞི་བའི་ཕྱྭ་གཡང་འདོད་རྒུ་མཐའ་དག་ཟད་མི་ཤེས་པར་འཇོ་བའི་རྟེན་འབྲེལ་མཚོན།

༤ ༽ པདྨས་ནི། 

ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་དྲི་མ་མཐའ་དག་དང་བྲལ་ཞིང༌། རྣམ་དཀར་དགེ་བའི་འདབ་བརྒྱ་ལྷུག་པར་བཞད་དེ་གཏན་བདེ་ངེས་ལེགས་སྦྲང་རྩིའི་བཅུད་བཟང་ལྷུག་པོར་འཇོ་བའི་རྟེན་འབྲེལ་མཚོན།

༥ ༽ དུང་དཀར་གཡས་འཁྱིས་གྱིས་ནི།

གདུལ་བྱའི་ཁམས་དང་མོས་པ་དང་འཚམ་པའི་ཟབ་རྒྱས་ཆོས་ཀྱི་སྒྲ་དབྱངས་སྙན་པོར་སྒྲོག་པས་འགྲོ་བ་རྣམས་མ་རིག་པའི་གཉིད་ལས་སློག་ཞིང༌། རང་གཞན་གྱི་ཕན་བདེ་བསྒྲུབ་པའི་བྱ་བར་སྐུལ་བའི་རྟེན་འབྲེལ་མཚོན།

༦ ༽ དཔལ་བེའུས་ནི།

ཆོས་དང་སྲིད་གཉིས་གཅིག་གྲོགས་སུ་གཅིག་ཁྱེར་ཏེ་ཕན་ཚུན་ལུ་གུ་བརྒྱུད་དུ་སྦྲེལ་བ་དང༌། དེ་བཞིན་དུ་ལམ་གྱི་དུས་སུ་ཐབས་དང་ཤེས་རབ་ཟུང་འབྲེལ། སྟོང་པ་དང་རྟེན་འབྱུང་འགལ་མེད་ཟུང་དུ་འབྲེལ་བ། འབྲས་བུ་སངས་རྒྱས་ཀྱི་དུས་སུ་མཁྱེན་པ་དང་བརྩེ་བ་ཟུང་འཇུག་བཅས་ཀྱི་རྟེན་འབྲེལ་མཚོན།

༧ ༽ རྒྱལ་མཚན་གྱིས་ནི།

རང་གཞན་གྱི་སྒོ་གསུམ་བྱ་བ་དང་བཅས་པར་བར་ཆད་མི་མཐུན་པའི་རྐྱེན་གྱིས་བརྫི་བ་མེད་པར་རྒྱལ་བ་དང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནག་ཕྱོགས་བདུད་རིགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་མཚོན།

༨ ༽ གསེར་གྱི་འཁོར་ལོས་ནི།

རྒྱལ་བའི་ལུང་དང་རྟོགས་པའི་དམ་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱུན་མི་ཆད་པར་འཁོར་ཞིང་དེ་ལ་བརྟེན་ནས་སྐྱེ་དགུ་རྣམས་རྣམ་དཀར་དགེ་བའི་དཔལ་ཡོན་ལ་སྦྱོར་བའི་རྟེན་འབྲེལ་བཅས་མཚོན་ནོ།།

བཀྲ་ཤིས་རྟགས་བརྒྱད་དང་དེའི་མཚོན་དོན་ངོ་སྤྲོད།

བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་བརྙན་བྲིས་འབུར་སྣ་ཚོགས་གཙུག་ལག་ཁང་དང༌། ཡུལ་གྲོང་ཁང་ཁྱིམ་སོགས་སུ་བཀོད་པའི་དགོས་པ་དང་རྒྱུ་མཚན་ནི། མཛེས་རྒྱན་ལ་ཕན་པ་དང༌། གཟུགས་བརྙན་དེ་དག་གང་དུ་མཆིས་པ་དེར་བཀྲ་ཤིས་ཀྱི་དགེ་མཚན་འཕེལ་བ་དང༌། བྱ་བ་ལམ་ལྷོང་ཡོང་བའི་བསམ་འདུན་འགྲུབ་པའི་རྟེན་འབྲེལ་མཚོན་པར་བྱེད་པ་ཡིན།