༄༅། །ཛམྦྷ་ལ་དཀར་པོ།
སྤྱན་རས་གཟིགས་དབང་སྐུ་ལས་མངོན་སྤྲུལ་པ། །རིགས་ལྔས་བྱིན་རླབས་བདུད་རྩི་ཆར་ལྟར་འབེབས། །པདྨ་ཁྲ་བོ་ཨཱརྱ་ཛམྦྷ་ལ། །རིགས་བཞི་མཁའ་འགྲོ་མ་དང་བཅས་ལ་འདུད། །
ནོར་ལྷའི་སྐུ་བརྙན་པར་མཛོད་དང་། སྐུ་བརྙན་འགྲེལ་བ།
this page is under construction
༄༅།། མགོན་དཀར་ཡིད་བཞིན་ནོར་བུ།
མགོན་པོ་འདི་ནི་ཤངས་པ་བཀའ་བརྒྱུད་དང་ས་སྐྱ་པའི་སྲུང་མ་ཡེ་ཤེས་པ་ཡང་ཡིན་ལ་ནོར་ལྷའང་ཡིན། རྒྱ་གར་རྡོ་རྗེ་གདན་གྱི་དུར་ཁྲོད་བསིལ་བ་ཚལ་དུ་བཞུགས་པར་གྲགས།
ལྷ་འདིའི་སྐུ་མདོག་དཀར་པོ་ཡིན་ལ་ཞལ་གཅིག་དང་ཕྱག་དྲུག་སྤྱན་གསུམ་ཡོད་ལ། ཁྲོ་གཉེར་བསྡུས་ཤིང་དབུ་སྐྲ་གྱེན་དུ་བརྫེས་པ། ཕྱག་དྲུག་པོར་ཐོད་ཕོར་དང༌། མ་ལྕེ། གྲི་གུག ཊ་མ་རུ། མདུང༌། ལྕགས་ཀྱུ་བཅས་ཡོད། ཞབས་ཟུང་དྲང་པོར་བཞེངས་ནས་རེ་རེས་ཕྱོགས་ཀྱི་གླང་བོ་བརྒྱུད་མཚོན་པའི་གླང་ཕྲུག་དཀར་པོ་རེ་མནན་པས་རྒྱལ་ཁམས་བདེ་ལ་འགོད་པ་མཚོན།
མགོན་པོ་འདི་ཉིད་ནི་ཚེ་དང་བསོད་ནམས་སྙན་གྲགས་ལོངས་སྤྱོད་སྤེལ་བའི་ལྷ་ཡིན་ཞིང༌། སྒྲུབ་མཆོད་རྣམ་དག་བྱེད་མཁན་ལ་བསམ་དོན་མི་སྐོང་བ་མེད་གསུངས།
གཟུངས་སྔགས། ༀ་གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིངྔྷི་ཛཿ
༄༅།། ཛམྦྷ་ལ་མཚན་ལྔ།
ཞལ་ཐང་འདིའི་དཀྱིལ་དབུས་སུ་བཞུགས་པའི་ཛམ་བྷ་ལ་ལྗང་གུ་ནི་ཤར་མི་བསྐྱོད་རྡོ་རྗེའི་སྤྲུལ་བ་ཡིན་ཞིང༌། ཕྱག་གཡས་པས་ཡིད་བཞིན་ནོར་བུ་དང་གཡོན་པས་རིན་པོ་ཆེ་སྐྱུག་པའི་ནེའུ་ལེ་བསྣམས་ཡོད། འདི་ཉིད་བསྒྲུབས་ན་ཅི་བྱས་ལས་ཐམས་ཅད་འགྲུབ་ཅིང་གེགས་དང་བར་ཆད་ཐམས་ཅད་བཟློག སྟོབས་དང་འབྱོར་བ་སྐྱེད་པའི་འཕྲིན་ལས་བསྒྲུབ། དེའི་གཡས་ཀྱི་མདུན་མ་ནི་ཛམྦྷ་ལ་དཀར་པོ་ཡིན།
འདིས་ནད་ཡམས་བཟློག་ཅིང་ཕོངས་པ་དང་སྡིག་སྒྲིབ་སེལ་ཞིང་བདེ་དགེ་སྤེལ། ཀུན་ལ་སྟོབས་དང་འབྱོར་བ་སྩོལ་བའི་འཕྲིན་ལས་མངའ། གཡོན་གྱི་ཕྱི་མ་ནི་ཛམ་བྷ་ལ་དམར་པོ་ཡིན། འདིས་དཔོན་རིགས་ལ་ཉེ་ཞིང་འཁོར་དང་ལོངས་སྤྱོད་སོགས་ཀྱི་མངའ་ཐང་སྒྲུབ་པའི་འཕྲིན་ལས་མངའ། གཡས་ཀྱི་ཕྱི་མ་ནི་ཛམྦྷ་ལ་སེར་པོ་ཡིན། འདིས་བསོད་ནམས་དང་ཚེ་དང་ཤེས་རབ་སོགས་སྩོལ་བའི་འཕྲིན་ལས་མངའ། གཡོན་གྱི་མདུན་མ་ནི་ཛམྦྷ་ལ་ནག་པོ་ཡིན། འདི་ཉིད་དབུལ་པོ་དང་རི་ཁྲོད་པ་སོགས་ཀྱི་རིགས་ལ་ཉེ་ཞིང༌། མི་གསོད་པ་དང་ཇག་རྐུན་དང་ནད་བཙན་སོགས་ཀྱི་འཇིགས་པ་སེལ་པ་དང་ཉམས་ཐག་སྐྱོང་བའི་འཕྲིན་ལས་མངའ་བའོ།
གཟུངས་སྔགས། ༀ་ཛམྦྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ།
༄༅།། ཛམྦྷ་ལ་སེར་པོ།
ཛམྦྷ་ལ་སེར་པོ་ནི་སྔོན་དུས་སྟོན་པ་ཤཱཀྱ་ཐུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འཁོར་སྐོར་བའི་དུས་སུ་ལྷ་འདིས་ཉན་ཐོས་རྣམས་བདུད་ཀྱི་འཇིགས་པ་ལས་བསྐྱབས་པ་དང༌། དེ་ནས་ནང་པའི་ཆོས་སྐྱོང་ཆེན་པོ་ཞིག་ཏུ་གྱུར། ནོར་ལྷ་འདིའི་ཕྱག་གཡས་པར་ཡིད་བཞིན་གྱི་ནོར་བུ་དང༌། ཕྱག་གཡོན་པར་རིན་པོ་ཆེ་སྐྱུག་པའི་ནེའུ་ལེ། དབུ་ལ་མེ་ཏོག་ཨུཏ་པལ་གྱི་ཕྲེང་བས་བརྒྱན་ཅིང༌། ཞབས་གཡས་པས་རིན་ཆེན་དུང་དཀར་མནན་ནས་པད་མའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་ཡོད།
དེ་ཡང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྦྱིན་གཏོང་སོགས་དགེ་བའི་ལས་ལ་བརྩོན་པ་བསྐྱེད་དེ་ལྷ་འདི་བསྒྲུབས་པའམ་འདིའི་གཟུངས་བཟླས་ན་དེའི་བྱིན་རླབས་ཐོབ་ནས་དབུལ་ཕོངས་སེང་ཞིང་འབྱོར་བ་རྒྱས།
གཟུངས་སྔགས། ༀ་ཛམྦྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ།
༄༅།། ཛམྦྷ་ལ་ནག་པོ།
ནོར་ལྷ་འདི་སྐུ་མདོག་མཐིང་ནག་ཡིན་པས་ཛམྦྷ་ལ་ནག་པོ་ཞེས་བཏགས་ཤིང༌། མགུལ་ལ་སྦྲུལ་ཞགས་ཀྱིས་བརྒྱན་པ་མ་གཏོགས་སྐུ་ལས་ཧྲིལ་པོ་གཅེར་བུར་ཡིན། ཕྱག་གཡས་པར་ནོར་བུ་སྐྱུགས་པའི་ནེའུ་ལ་བསྣམས་པ་དང་ཕྱག་གཡས་པར་ཐོད་ཕོར་བསྣམས་ཤིང༌། ཞབས་ཟུང་གི་གང་ཟག་ཞིག་མནན་ནས་ཡོད།
འདི་ཉིད་བསྒྲུབས་ཤིང་འདིའི་གཟུངས་བཟླས་ན་གང་ཉིད་ཀྱི་བྱིན་རླབས་ཐོབ་ནས་ལོངས་སྤྱོད་འཕེལ་ཞིང་ཇག་རྐུན་དང་ནད་གདོན་སོགས་ཀྱི་འཇིགས་པ་བཟློག་ཐུབ་པར་གསུངས།
གཟུངས་སྔགས། ༀ་ཛམྦྷ་ལ་ཛ་ལེནྟྲ་ཡ་དུས་དུས་མ་མ་ཀུནཱེ་ཀུནཱེ་སྭཱ་ཧ།
༄༅།། རྣམ་ཐོས་སྲས།
རྒྱལ་ཆེན་རིགས་བཞིའི་ནང་གསེས་རྣམ་ཐོས་སྲས་ནི་རབ་བྱང་ངོས་ཀྱི་ཕོ་བྲང་ལྕང་ལོ་ཅན་ཏུ་བཞུགས་ཤིང་བྱང་གི་ཕྱོགས་སྐྱོང་ཡིན་ལ། བསོད་ནམས་ཀྱིས་ཕྱུག་ཅིང་སྐྱེ་འགྲོ་ཀུན་གྱི་ནོར་གྱི་བདག་པོ་ཡིན། སྔོན་ཚེ་སྟོན་པ་འཚང་རྒྱ་བའི་ཚུལ་སྟོན་པའི་དུས་ལྷ་འདིས་མདུན་དུ་ཇི་སྲིད་བར་དུ་སངས་རྒྱས་ཀྱི་བསྟན་པ་སྲུང་བར་དམ་བཅའ་བཞག སྐུ་མདོག་སེར་པོ་ཡིན་ཞིང་དབུ་ལ་རིན་ཆེན་ཅོད་པན་འཆིང་བ་དང༌། ཕྱག་གཡས་པར་གདུགས་དང་གཡོན་དུ་ཉི་ཟླ་ཟུང་གིས་བརྒྱན་ཅིང་སེང་གེ་དཀར་མོའི་སྟེང་དུ་བཞུགས།
རྒྱལ་ཆེན་འདི་ཉིད་ལྷའི་རིན་པོ་ཆེའི་བང་མཛོད་ཀྱི་བདག་པོ་ཡིན་པ་དང༌། འདིའི་འཁོར་ནོར་ལྷ་བརྒྱད་ཀྱིས་ཕྱོགས་མཚམས་བརྒྱད་ཀྱི་ལྷའི་བང་མཛོད་བདག་གིར་མཛད། སངས་རྒྱས་བསྟན་པའི་རྗེས་ཞུགས་རྣམས་ལ་འབྱོར་པ་སྤེལ། དེ་དག་ཕོངས་པ་ལས་སྒྲོལ་བར་མཛད་གསུངས།
གཟུངས་སྔགས། ༀ་བཻ་ཤྲ་ཝ་ཎ་ཡེ་སྭཱ་ཧཱ།