འདི་ནས་སེམས་ཚོར་དྲག་པོ་དང་ངང་རྒྱུད་རིང་པོས་བོད་གི་དྲ་རྒྱ་ཇུས་འགོད་ཞུ་བཞིན་པ་ཡིན།

བོད་ཀྱི་གླེགས་བམ།
ལས་རིམ།འཆར་འགོད།

ཚོགས་ཞིང་གི་སྐུ་བརྙན་པར་མཛོད་དང་། སྐུ་བརྙན་འགྲེལ་བ།

this page is under construction

༄༅།། འོད་དཔག་མེད་ཀྱི་ཞིང་ཁམས།

ཞལ་ཐང་འདིའི་གཙོ་སྐུ་ནི་འོད་དཔག་མེད་ཡིན་ཞིང༌། གཡས་ཀྱི་གོང་མ་ནི་པདྨ་འབྱུང་གནས་དང་གཡོན་གྱི་འོག་མ་ནི་སྒྲོལ་ལྗང་ཡིན། དེའི་འོག་ཏུ་བཀའ་བརྒྱུད་པའི་བླ་མ་ཞྭ་དམར་བ་བཞུགས། གཙོ་སྐུའི་གཡས་ན་སྤྱན་རས་གཟིགས་དང་གཡོན་ན་མཐུ་ཆེན་ཐོབ་རྣམ་གཉིས་ཡིན། དེ་འཕྲོས་སྐུ་རྣམས་ནི་སའི་སྙིང་པོ་དང༌། བྱམས་པ། འཇམ་དཔལ་དབྱངས། ཀུན་ཏུ་བཟང་པོ། ནམ་མཁའི་སྙིང་པོ། སྒྲིལ་པ་རྣམ་སེལ་བཅས་ཡིན། འོག་དུ་ཆོས་སྐྱོང་བཞུགས།།

འོད་དཔག་མེད་ཀྱི་ཞིང་ཁམས་བདེ་བ་ཅན་དུ་འཕགས་པ་རྣམས་ཡོད་ཅིང༌། དེ་རུ་ཡེ་ཤེས་ཀྱི་འོད་གསལ་བས་ཉིན་མཚན་གྱི་དབྱེ་བ་མེད། ཡུལ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ། དཔག་བསམ་ཤིང་གི་སྐྱེད་ཚལ་ལས་དྲི་བསུང་འཐུལ། ཆུ་ཐམས་ཅད་ཡན་ལག་བརྒྱད་ལྡན་གྱི་ཆུ་ཡིན། བསམ་གཏན་གྱི་ཟས་སུ་སྤྱོད། ཐམས་ཅད་ཉོན་མོངས་མེད་པས་དམྱལ་བར་ལྷུང་བ་མེད་པ་སོགས་བདེ་སྐྱིད་ཕུན་སུམ་ཚོགས་པར་གསུངས།།

གཟུངས་སྔགས། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ

༄༅།། འོད་དཔག་མེད་ལ་ཉེ་བའི་སྲས་ཆེན་བརྒྱད་ཀྱིས་སྐོར་བ།

འོད་དཔག་མེད་ནི་གོང་དུ་གསལ་ཞིང༌། ཉེ་བའི་སྲས་ཆེན་བརྒྱད་ནི་འཇམ་དབྱངས་དང༌། ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། ས་ཡི་སྙིང་པོ། སྒྲིབ་རྣམ་སེལ། ནམ་མཁའི་སྙིང་པོ། བྱམས་པ། ཀུན་ཏུ་བཟང་པོ་བཅས་སོ།

གཟུངས་སྔགས། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ

༄༅།། གཅོད་ཡུལ་པའི་ཚོགས་ཞིང༌།

གཅོད་ཡུལ་པའི་ཚོགས་ཞིང་གི་རྩ་ལྷ་ནི་མ་གཅིག་ལབ་སྒྲོན་ཡིན། དེའི་དབུ་ཐོག་ཏུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གཉིས་མེད་དོན་གྱི་བརྒྱུད་པས་བསྐོར་བ། དེའི་དབུ་ཐོག་ཏུ་ཆོས་སྐུ་ཡུམ་ཆེན་མོ་ལ་གྲུབ་ཐོབ་གཅོད་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། གཡས་ཀྱི་སྟེང་ཕྱོགས་སུ་དམ་པ་སངས་རྒྱས་ལ་ཕ་བརྒྱུད་ཐབས་ཀྱི་བརྒྱུད་པ་དང༌། གཡོན་གྱི་སྟེང་ཕྱོགས་སུ་རྗེ་བཙུན་མ་ལྷ་ལྔ་ལ་མ་བརྒྱུད་ཤེས་རབ་ཀྱི་བརྒྱུད་པ་དང༌། མདུན་ཕྱོགས་སུ་སྲས་བརྒྱུད་ཉམས་ཀྱི་བརྒྱུད་པ་དང༌། དེའི་གཡས་སཡ་དཔའ་བོ། གཡོན་དུ་དཔའ་མོ། མཐའ་སྐོར་དུ་མགོན་པོ་ཕྱག་དྲུག་པ་སོགས་ཆོས་སྐྱོང་བའི་སྲུང་མ་དང༌། ཕྱོགས་བཞིར་རྒྱལ་ཆེན་བཞི་སོགས་ཀྱིས་བསྐོར་ནས་བཞུགས་པའོ།།

གཟུངས་སྔགས། ཨོཾ་ཨཱཿབཾ་གུ་རུ་ཧ་རི་ས་སིངྔྷི་ཧཱུྃ།

༄༅།། བླ་མཆོད་ཚོགས་ཞིང༌།

ཡིད་འཕྲོག་པ་འཁྱིལ་བའི་མཚོའི་དབུས་ནས་དཔག་བསམ་ཀྱི་ལྗོན་པ་ལོ་འདབ་རབ་ཏུ་རྒྱས་ཤིང་ཡངས་པའི་སྟེང་དུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་བརྒྱ་ལྔ་བཅུ་རང་རང་གི་ཕྱག་མཚན་དང་བཅས་ཏེ་གཟི་བྱིན་འཕྲོ་བར་བཞུགས། བོད་ཀྱི་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཁག་ལ་བླ་མ་མཆོད་པ་འདི་དང་འདྲ་བའི་རང་རང་གི་ཚོགས་ཞིང་གི་ཐང་ག་ཡོད། དེའི་ནང་ནས་འདིར་བདམས་པ་ནི་དགེ་ལུགས་པའི་བླ་མཆོད་ཚོགས་ཞིང་གི་ཐང་ག་ཡིན། ཐང་ག་འདིར་ཞིབ་ཅིང་ཕྲ་བའི་ངང་ནས་བླ་མ་མཆོད་པའི་ཚོགས་ཞིང་གི་བཀོད་པ་ཡོངས་སུ་རྫོགས་པ་བྲིས་ཡོད། བླ་མ་ནི་ཚོགས་གསོག་པའི་ཞིང་མཆོག་བླ་ན་མེད་པ་ཡིན་པས་རྟག་ཏུ་བླ་མ་མཆོད་ན་སངས་རྒྱ་བ་ལ་མྱུར་ཁྱད་ཧ་ཅང་ཆེ་གསུངས་སོ།

༄༅།། ཀརྨ་བཀའ་རྒྱུད་པའི་ཚོགས་ཞིང༌།

ནང་པ་སངས་རྒྱས་པ་ཚོས་རྩ་བ་གསུམ་དང་དཀོན་མཆོག་གསུམ་ལ་ཕྱག་མཆོད་གསོལ་འདེབས་སོགས་ཀྱིས་དགེ་ཚོགས་གསོག་པའི་ཞིང་ལ་ཚོགས་ཞིང་ཞེས་ཟེར། འདིར་དཔག་བསམ་གྱི་ཤིང་གི་ཡལ་འདབ་ཕྱོགས་ལྔར་གྱེས་བ་ལས་དབུས་ཀྱི་ཡལ་འདབ་གྱེན་དུ་རྒྱས་པའི་སྟེང་གི་རིན་པོ་ཆེའི་ཁྲི་སྟེང་དུ་གང་སྒྲུབ་པ་པོའི་རྩ་བའི་བླ་མ་རྡོ་རྗེ་འཆང་གི་གཟུགས་སུ་བཞུགས་པ་དང༌། དེའི་བླ་ན་ཕྱག་རྒྱ་ཆེན་པོའི་བླ་བརྒྱུད་རིམ་བྱོན་རྣམས་བཞུགས། ཤར་མདུནགྱི་ཡལ་འདབ་སྟེང་དུ་བདེ་མཆོག་དང་རྡོ་རྗེ་ཕག་མོ། དུས་འཁོར། ཀྱཻ་རྡོར། འཇིགས་བྱེད། གསང་འདུས། ཐུགས་རྗེ་ཆེན་པོ་སོགས་རྒྱུད་སྡེ་བཞིའི་ཡི་དམ་ཐམས་ཅད་བཞུགས། ལྷོའི་གཡས་ཀྱི་ཡལ་འདབ་སྟེང་དུ་ཤཱཀྱ་ཐུབ་པ་གཙོས་པའི་དུས་གསུམ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཞུགས། ནུབ་རྒྱབ་ཀྱི་ཡལ་འདབ་སྟེང་དུ་མདོ་རྒྱུད་གསུང་རབ་ཆོས་རྣམས་པུ་སྟི་རྣམ་པ་ཆོས་ཉིད་ཀྱི་རང་སྒྲ་འབྱོན་པ་རྣམས་ཡོད། བྱང་གཡོནགི་ཡལ་འདབ་སྟེང་དུ་སྤྱན་རས་གཟིགས་གཙོས་པའི་ཉེ་སྲས་བརྒྱད་སོགས་སངས་རྒྱས་ཀྱི་སྲས་འཁོར་རྣམས་བཞུགས་པས་དགེ་འདུན་གྱི་སྡེ་མཆོན། འོག་གཞོགས་སུ་མགོན་པོ་བེར་ནག་ཅན་དང༌། མགོན་པོ་ཕྱག་དྲུག་པ། མགོན་པོ་ཕྱག་བཞི་པ། དཔལ་ལྡན་ལྷ་མོ་སོགས་ཆོས་སྐྱོང་སྲུང་མ་རྣམས་བཞུགས་སོ།