འཕགས་པ་གྲོལ་སྡེ།

༄༅།། དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་ལ་མཁས་པའི་མཆོག་ཏུ་གྱུར་པ་འཕགས་པ་རྣམ་གྲོལ་སྡེ་ནི། ཡུལ་དབུས་དང་ལྷོ་ཕྱོགས་ཀྱི་མཚམས་འབར་བའི་ཕུག་དང་ཉེ་བར་སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་སྲས་སུ་སྐུ་འཁྲུངས།

གཞོན་ནུའི་དུས་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་འདུལ་བའི་བཅས་མཚམས་ཆེ་ཕྲ་མཐའ་དག་ལ་མཁས་པར་སྦྱངས་ཤིང་ཕྱག་ལེན་ལ་ཐེབས་པར་མཛད། སློབ་དཔོན་དབྱིག་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་སྡེ་སྣོད་གསུམ་དང་། ཁྱད་པར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་མན་ངག་རྣམས་རྫོགས་པར་གསན་ནས་ཚིག་དོན་གཉིས་ཀ་ཐུགས་སུ་ཆུད་པར་མཛད་དེ་ཐུགས་ཉམས་སུ་བཞེས་པས་ཆོས་ཉིད་མངོན་སུམ་དུ་གཟིགས་ཤིང་། རྗེ་བཙུན་བྱམས་པ་མགོན་པོས་ཀྱང་ཞལ་གཟིགས། དེའི་ཚེ་སློབ་དཔོན་གྱིས་མངོན་རྟོགས་རྒྱན་གྱི་བརྗོད་བྱ་དང་པོ་སེམས་བསྐྱེད་ནས་བཟུང་ཐ་མ་འཕྲིན་ལས་ཀྱི་བར་དོན་བདུན་ཅུ་པོ་རེ་རེ་ནས་ཤེར་ཕྱིན་གྱི་མདོ་དང་སྦྱོར་བ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་དགོངས་ནས། བྱམས་མགོན་ལ་གསོལ་བ་ཤུགས་དྲག་ཏུ་བཏབ་པས། རྗེ་བཙུན་གྱིས་ཝ་ར་ཎ་སིའི་གཙུག་ལག་ཁང་དུ་སོང་དང་འདོད་པའི་དོན་འགྲུབ་པར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར་ཝཱ་རཱ་ཎ་སཱིའི་གཙུག་ལག་ཁང་དུ་བྱོན་པ་ན།། དགེ་བསྙེན་ཞི་བའི་གོ་ཆས་ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་པོ་ཏ་ལ་ནས་སྤྱན་དྲངས་ཏེ་ཝཱ་རཱ་ཎ་སཱིའི་གཙུག་ལག་ཁང་དུ་ཕེབས་པ་དང་དུས་འགྲིག་ཉི་ཁྲི་ལ་གཟིགས་པས་ཐུགས་རབ་ཏུ་ཚིམ་སྟེ་མངོན་རྟོགས་རྒྱན་དང་ཉི་ཁྲི་སྦྱར་བའི་བསྟན་བཅོས་ཆེན་པོ་ཉི་ཁྲི་སྣང་བ་མཛད་དེ་སྐལ་བ་དང་ལྡན་པ་རྣམས་ལ་རྒྱ་ཆེར་སྤེལ་བས། ཤེར་ཕྱིན་གྱི་གདམས་ངག་ཉན་པའི་སློབ་མ་སྟོང་ཕྲག་མང་པོ་བྱུང་ཞིང་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ལ་སློབ་འདོད་པ་མཐའ་དག་བདག་ཉིད་ཆེན་པོ་འདིའི་ཞབས་རྡུལ་ལ་བརྟེན་པ་ཁོ་ན་བྱུང་ཞིང་། ལོ་སུམ་ཅུ་ཙམ་གྱི་རིང་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པའི་མཐར་མྱ་ངན་ལས་འདས་སོ། །

༄༅།། ཐོགས་མེད་སྐུ་མཆེད་ལས་འོང་ཤེར་ཕྱིན་དོན། །ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། །འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །