ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནི་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན།

ན་ཆུང་དུས་ནས་སང་ཤི་སོགས་ཆོས་འཚོལ་དུ་བཏང་སྟེ་ཆོས་བམ་པོ་སྟོང་ཙམ་བླངས་ཀྱང་། སྡིག་བློན་རྣམས་ཀྱིས་ཆོས་བཤིག་སྟེ་ཇོ་བོ་ལོ་བཅུ་གསུམ་རིང་སྐྱིལ་གྲོང་དུ་བཞུགས། རྒྱལ་བུ་དགུང་ལོ་བཅུ་གསུམ་གྱི་སྟེང་རྒྱལ་སར་ཕེབས། ཡབ་མེས་ཀྱི་བྱས་པ་མཁྱེན་ཏེ་སྦ་གསལ་སྣང་རྒྱ་གར་དུ་མངགས། མཁན་ཆེན་བོ་དྷི་ས་ཏྭ་སྤྱན་དྲངས་ནས་ཁམས་བཅོ་བརྒྱུད་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་བཤད་ཀྱང་བདུད་བློན་རྣམས་ཀྱིས་བཀག་བྱས་པས་སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་མངགས་ཏེ་མཁན་ཆེན་གྱི་བཀའ་ལྟར། སློབ་དཔོན་པད་མ་འབྱུང་གནས་གདན་དྲངས་ཏེ་བོད་ཀྱི་ལྷ་འདྲེ་རྣམས་དམ་ལ་བཏགས། བསམ་ཡས་གཙུག་ལག་ཁང་བཞེངས། སད་མི་མི་བདུན་རབ་ཏུ་བྱུང་སྟེ་དགེ་འདུན་གྱི་སྡེ་བཙུགས་ཤིང་། པཎྜི་ཏ་དང་ལོ་ཙཱ་པ་བརྒྱ་ཕྲག་ལྷག་གིས་དམ་པའི་ཆོས་བསྒྱུར། ཁམས་ཡན་ཆད་དུ་ཆོས་གྲྭ་ཆེན་པོ་བཅུ་གཉིས་བཙུགས་ཏེ་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་ཅིང་གཏན་ལ་ཕབ། སློབ་དཔོན་གྱིས་རྗེ་འབངས་ཉེར་ལྔ་སོགས་སྣོད་ལྡན་རྣམས་ལ་ལྐོག་ཆོས་སུ་གསང་སྔགས་ཀྱི་དབང་མན་ངག་གནང་ནས་གྲུབ་ཆེན་མང་པོ་བྱོན།

མཁན་ཆེན་མྱ་ངན་ལས་འདའ་ཁར་ཞལ་ཆེམས་སུ། སློབ་དཔོན་པད་མས་བརྟན་མ་བཅུ་གཉིས་ལ་བཀའ་བསྒོས་པས་བོད་དུ་མུ་སྟེགས་པ་མི་འབྱུང་། སངས་རྒྱས་ཀྱི་བསྟན་པ་ཁ་གཉིས་སུ་གྱེས་ཏེ་རྩོད་པ་འབྱུང་བས། དེ་ཚེ་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲོངས། ཞེས་གསུངས་པ་ལྟར། མི་རིང་བར་རྒྱའི་ཧྭ་ཤང་མ་ཧཱ་ཡ་ནས་ལུས་ངག་གི་དགེ་བས་འཚང་མི་རྒྱ། ཡིད་ལ་མི་བྱེད་པ་ཆོས་ཟེར་བའི་ལུགས་དར་ཞིང་ཧྭ་ཤང་ལ་སྟོན་མུན་དུ་གྲགས། དེ་ལ་བཙན་པོའི་བཀས་པཎྜི་ཏ་ཀ་མ་ལ་ཤཱི་ལ་གདན་དྲངས་ཏེ་ཧྭ་ཤང་ཕམ་ཞིང་། ལྟ་སྤྱོད་གཙང་མའི་ཆོས་བརྒྱུད་གོང་དུ་སྤེལ་བར་མཛད། དེ་ཡང་རྒྱལ་པོ་འདིའི་ཡན་ཆོད་སྲོང་བཙན་བར་ལ་བཀས་བཅད་དང་པོ་དང་། རྒྱལ་པོ་འདིའི་རིང་ལ་བོད་ལ་བཀའ་དྲིན་ཆེ་བའི་པཎ་གྲུབ་དགུ་དང་། ལོ་ཙཱ་པ་སད་མི་བདུན། དེ་དག་ལས་སྤྱངས་པའི་ལོ་ཙཱ་པ་བརྒྱ་རྩ་བརྒྱད། དེ་དག་ལས་སྦྱངས་པའི་ལོ་ཙཱ་པ་ཤིན་ཏུ་མང་པོ་བྱོན་ཏེ་རྒྱལ་བའི་གསུང་རབ་ཕལ་ཆེར་བསྒྱུར་ཅིང་ཆབ་སྲིད་ཀྱི་མངའ་ཐང་འཛམ་གླིང་ན་སྙན་པ་བྱུང་། གསུང་རྩོམ་ལ་ཤེར་མདོའི་འགྲེལ་བ་སོགས་མཛད། དགུང་ལོ་རེ་དགུ་པར་མྱ་ངན་ལས་འདས་སོ། །དེའི་སྲས་མུ་ནེ་བཙན་པོས་བསམ་ཡས་སུ་མཆོད་པ་བཞི་བཙུགས། བོད་འབངས་ལ་དབུལ་ཕྱུག་ལན་གསུམ་སྙོམས་པར་མཛད། དེའི་རྗེས་སད་ན་ལེགས་འཇིང་ཡོན་གྱིས་རྒྱལ་སྲིད་ལོ་བཅུ་བདུན་རིང་བསྐྱངས། །


ཤོས་ངོས་འདིའི་དཔྱད་གཞིའི་ཡིག་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།
འཇིགས་མེད་ཆོས་ཀྱི་རྡོ་རྗེ་ལགས་ཀྱིས་སྒྲིག་རྩོམ་བྱས་པ་ལས་ཟུར་འདོན་བྱས།