ཕོ་བྲང་རྒྱལ་མཁར་རྩེ་ནི།
བོད་ལྗོངས་གཞིས་རྩེ་ཀྲོན་ཆུས་རྒྱལ་རྩེ་རྫོང་ཁོངས་སུ་ཆགས་ཡོད་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི ༤༠༢༠ ཡོད་ཅིང་། བལྟོས་བཅས་ཀྱི་མཐོ་ཚད་ལ་སྨི་ ༡༢༥ ཡོད་ལ། བོད་ལྗོངས་སྲིད་གཞུང་རྙིང་པའི་རྒྱལ་རྩེ་ས་ཁུལ་གྱི་སྲིད་འཛིན་གནས་ས་ཞིག་ཡིན། དེ་ནི་བོད་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ་ ༡༣༦༤ ལོར་ནང་ཆེན་འཕགས་པ་དཔལ་བཟང་གིས་རྫོང་བཙན་མང་པོ་བརྩིགས་པའི་ནང་གི་གཅིག་ཡིན། འདིར་རྒྱལ་རྩེ་ཆོས་རྒྱལ་རིམ་བྱོན་རྣམས་བཞུགས་མྱོང་བ་དང་། ཕོ་ལྷ་མི་དབང་གིས་ང་ལུམ་སྦྱར་གསུམ་ལ་ཕར་རྒོལ་བྱེད་སྐབས་ཀྱི་རྟེན་གཞི་བྱས་པ། དེ་བཞིན་བོད་ཤིང་འབྲུག་སྤྱི་ལོ་ ༡༩༠༤ ལོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དབྱིན་ཇི་བཙན་འཛུལ་དམག་ལ་འགོག་རྒོལ་བྱེད་སྐབས་ཀྱི་གཡུལ་ས་བཅས་བྱས་པའི་རྫོང་བཙན་འདི་ནི་དུས་རབས་ཀྱི་དངོས་དཔང་རྩ་ཆེན་ཞིག་ཡིན། ལོ་རྒྱུས་ཐོག་བོད་རིགས་མི་དམངས་ཀྱི་དཔའ་རྒོད་ཚོས་མཁར་རྫོང་འདིའི་གཡུལ་སའི་ཐོག་དབྱིན་ཇི་བཙན་འཛུལ་པར་རྒོལ་རྡུང་ཚ་ནན་སྤྲད་དེ་ཕ་ཡུལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ནང་ཇི་སྲིད་བར་ནུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད།