བོད་ཀྱི་གླེགས་བམ་དྲ་བའི་བྱུང་རིམ།

བོད་ཀྱི་གླེགས་བམ་བོད་ཡིག་དྲ་བ་ནི། ཡོ་རོབ་སྦེལ་ལྗམ་དུ་གནས་སྡོད་རེབ་གོང་འཇིགས་མེད་ཀྱིས་སྒེར་ངོས་ནས། “ བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་གི་གཞི་རྒྱ་ཇེ་ཆེར་འགྲོ་བར་དམིགས་ཏེ་” ལས་ཞོར་དུ་ཇུས་འགོད་དང་མགོ་འཛུགས་བྱས་པའི་སྤྱི་ཚོགས་ཞབས་ཞུའི་དྲ་ངོས་གསར་པ་ཞིག་དང་། ད་ལྟའི་ཆར་བོད་ཕྱི་ནང་གཉིས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པ་བོད་ཀྱི་རིག་གཞུང་ལ་དུང་བ་ཟབ་ཅིང་ཕྱི་ཐག་རིང་བའི་ཤེས་ལྡན་པ་ཁག་ཅིག་གིས་ལས་ཞོར་དུ་དྭངས་བླང་ངང་མཉམ་ལས་གནང་བཞིན་པའི་དྲ་ངོས་ཤིག་ཡིན།

ལས་དོན་དམིགས་བསལ་རང་བཞིན།

འདི་ག་བོད་ཀྱི་ཀྱི་གླེགས་བམ་དྲ་བ་ནི། བོད་ཀྱི་རིག་གཞུང་རང་གི་ངོ་བོའི་ཐོག་ཆེད་དམིགས་བྱ་རྒྱུ་ལས། ཆབ་སྲིད་ཀྱི་ཁ་ཕྱོགས་ལས་གྲུབ་པའི་རྩོམ་ཡིག་སོགས་གང་ཡང་འབྲི་འགོད་བྱ་འཆར་མེད། བོད་ཕྱི་ནང་གཉིས་ཀྱི་མཁྱེན་དཔྱོད་ཡངས་པའི་ཤེས་ལྡན་པ་སུ་ཡིན་ཡང་རང་མོས་ཀྱིས་དྲ་བ་འདིར་ཐོ་འགོད་དེབ་སྐྱེལ་དང་།  གནའ་རབས་གཞུང་ལུགས་དང་ཆེད་རྩོམ། བསླབ་བྱ། དཔྱད་བརྗོད་རྩོམ་ཡིག་སོགས་ངོ་སྤྲོད་དང་། རང་སྒེར་སོ་སོ་སོ་ནས་ཀྱང་ཆེད་རྩོམ་སྣ་ཚོགས་དང་སྤྱི་ཚོགས་ཀྱི་རྒྱུན་ཤེས་སོགས་རྩོམ་རིགས་གང་མང་སྤེལ་ཡུལ་གྱི་སྤྱི་ལ་དབང་བའི་རང་དབང་གི་གླེང་སྟེགས་ཤིག་ཡིན།

ཇུས་འགོད་ཀྱི་བརྒྱུད་རིམ།

རེབ་གོང་འཇིགས་མེད་ལགས་ཀྱིས་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ་ཕྱི་ལོ་ ༢༠༠༡ ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་སྣ་འཛོམས་ཤེས་ཡོན་ར་བའི་གཙོ་འགན་བཞེས་སྐབས་དང་། ཕྱི་ལོ་ ༢༠༠༤ ལོར་སྣ་འཛོམས་ཤེས་ཡོན་ར་བ་དེ་བོད་ཀྱི་བདེ་རྩའི་ Tibet Charity ཆ་ཤས་སུ་ཟླ་སྒྲིལ་བྱེད་སྐབས་ནས་རང་རྐྱ་འཕེར་བའི་བོད་ཡིག་གི་དྲ་ངོས་ཇུས་འགོད་དང་དྲ་ལམ་གསར་པ་རིམ་བྱུང་ལ་ཆེད་སྦྱོང་གིས་ད་ལྟ་བོད་ཀྱི་གླེགས་བམ་དྲ་བ་ཞེས་པ་འདི་གསར་བསྐྲུན་བྱས།

དུས་ཡུན་རིང་པོར་ལས་རིམ་འདིར་དམིགས་ཡུལ་ངེས་ཅན་ཞིག་གི་འོག་རྒྱུ་ཆ་འཚོལ་སྒྲུབ་ཀྱིས་དྲ་ལམ་འདི་མགོ་འཛུགས་གནང་ཡང་། ལས་ཀའི་དུས་ཚོད་དང། བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག ལས་རོགས་ཀྱི་གླེང་ཕྱོགས་དང་གནོན་ཤུགས། དཔལ་འབྱོར་གྱི་མཐུན་རྐྱེན་སོགས་ཕྱོགས་ཡོངས་ནས་དཀའ་ངལ་མི་ཉུང་བ་ཞིག་གིས་ད་བར་རྨི་ལམ་གྱི་ཞིང་ཁམས་ནས་ཕྱིར་མངོན་གྱུར་བྱུང་མ་ཐུབ་པ་ནི་ལས་གཞི་འདི་དང་འབྲེལ་བའི་བརྒྱུད་རིམ་ཕྱོགས་ཙམ་ཡིན།

དྲ་ངོས་ཇུས་འགོད་ཇི་ལྟར་བྱས།

འདི་ནས་ཡུན་རིང་པོར་དུས་ཚོད་གང་མང་ཞིག་ནར་གཏོང་གིས་འཛམ་གླིང་སྟེང་དེང་དར་ཁྱབ་ཆེ་བ་དང་། འཛད་སྤྱོད་པ་དང་ཇུས་འགོད་པར་སྤྱོད་བདེ་རང་བཞིན་ཅན་གྱི་ W.P (C.M.S)  Content Managment System ཇུས་འགོད་ཀྱི་ལས་རིམ་ལ་ཆེད་སྦྱོང་དང་། རྒྱུས་ལོན་ཞིབ་འཇུག་གིས། བོད་ཡིག་གི་དྲ་བ་འདི་དམིགས་བསལ་རང་བཞིན་ཅན་ WP C.M.S བེད་སྤྱད་ནས་ཆེད་འགོད་བྱས་ཡོད།

དམིགས་བསལ་ཀྱིས་ཐུགས་རྗེ་ཆེ་ཞུ།

འདི་ནས་སྟོབས་དང་བྱེད་ལས་ཁྱད་པར་ཅན་གྱི་ WP (CMS)  དྲ་ངོས་ཇུས་འགོད་ཀྱི་ལས་རིམ་ལ་དུས་ནས་དུས་སུ་ཡར་རྒྱས་ཀྱི་ལམ་ནས་སྔོན་ཐོན་ཅན་དང་། མཐུན་ལྡེ་གསར་གཏོད་དང་། དྲ་ཐོག་ཏུ་དྲ་ངོས་ཆེད་འགོད་ཞུ་བར་ W.P Web Development Online Services རམ་འདེགས་ཞུ་མཁན་ W.P (C.M.S) ཡར་རྒྱས་ཚོགས་པའི་ཚོགས་མི་ཡོངས་ལ་དམིགས་བསལ་ཀྱིས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

དྲ་ངོས་འདིའི་ཁྱད་ཆོས།

དྲ་ངོས་འདི་གློག་ཀླད་དང་། ལག་ཐོགས་ཁ་པར་སོགས་འཕྲུལ་རིགས་སྟབས་བདེ་གང་རུང་གི་འཆར་ངོས་སུ་ཡིག་གཟུགས་དང་། པར་རིས། མཐའ་སྒྲོམ་སོགས་གང་ཡིན་ཡང་ཕྱོགས་གང་དུ་ཁ་ལོ་བསྒྱུར་ཡང་། སོ་སོའི་འཕྲུལ་རིགས་ཀྱི་འཆར་ངོས་སུ་རང་འགུལ་གྱིས་ཆེ་ཆུང་བཙིར་འཇུག་གིས་འཛད་སྤྱོད་པར་སྤྱོད་བདེ་ཡོད་པ་ནི་ W.P (C.M.S) དྲ་ངོས་ཇུས་འགོད་ཀྱི་དམིགས་བསལ་ཁྱད་ཆོས་ཤིག་ཡིན།

རེབ་གོང་འཇིགས་མེད་ནས། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༢ ལ།