འདི་ནས་སེམས་ཚོར་དྲག་པོ་དང་ངང་རྒྱུད་རིང་པོས་བོད་གི་དྲ་རྒྱ་ཇུས་འགོད་ཞུ་བཞིན་པ་ཡིན།

བོད་ཀྱི་གླེགས་བམ།
ལས་རིམ།འཆར་འགོད།

རྡོ་རྗེ་ཕུར་པ།

གངས་སྔགས་རྙིང་མས་ཡི་དམ་འདི་རྩ་ལྷར་འཛིན་ཞིང་ས་སྐྱ་པའང་འདི་ཉིད་ལ་བཙུགས་ཆེ། ཡི་དམ་འདི་སྒྲུབ་པར་བྱེད་པ་ནི་བདག་གཉིས་སུ་འཛིན་པའི་མ་དག་པའི་བློ་སྤངས་བ་དང༌། གཉིས་མེད་བདེ་ཆེན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་གསུངས་སོ།།

ཡི་དམ་དང་། ཆོས་སྐྱོང་གི་སྐུ་བརྙན་པར་མཛོད་དང་སྐུ་བརྙན་འགྲེལ་བ།

this page is under construction

༄༅།། གདུགས་དཀར།

ཕྱག་ན་གདུགས་དཀར་པོ་བཟུང་ཡོད་པའི་ཆ་ནས་གདུགས་དཀར་ཞེས་བཏགས་པ་འདི་ཉིད་གསང་སྔགས་ཀྱི་ཡི་དམ་ཞིག་ཡིན། དེ་ཡང་སྔོན་གྱི་ཚེ་ལྷ་མ་ཡིན་རྣམས་ལྷའི་ལོངས་སྤྱོད་ལ་ཕྲག་དོག་གིས་འཐབ་པ་ན་སྐབས་རེར་ལྷ་རྒྱལ་བ་དང་སྐབས་རེར་ལྷ་མ་ཡིན་རྒྱལ་བ་བྱུང༌། དེ་ཚེ་ལྷ་དབང་བརྒྱ་བྱིན་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་གསོལ་བར་སངས་རྒྱས་ཉིད་གདུགས་དཀར་དབུ་སྟོང་སྤྱན་སྟོང་ལ་སྤྲུལ་ནས་མངོན་པར་བྱོན་པས་ལྷ་མ་ཡིན་རྣམས་འཇིགས་ནས་བྲོས་ཤིང་འཁྲུག་རྩོད་ཞི། 

ཡི་དམ་འདི་ལ་དབུ་གཅིག་ཕྱག་ཟུང་ཅན་དང་། དབུ་གསུམ་ཕྱག་དྲུག་ཅན། དབུ་སྟོང་ཕྱག་སྟོང་ཅན་བཅས་ཡོད་ཅིང༌། ཕྱག་གི་གདུགས་དཀར་པོས་ཉོན་མོངས་བཟློག་པ་དང་། སངས་རྒྱས་ཀྱི་བྱིན་རླབས་མི་ཁྱབ་ས་མེད་པ་མཚོན། ཕྱག་ན་ད་དུང་གསེར་གྱི་འཁོར་ལོ་དང༌།  མདའ་གཞུ་དང༌། ཞགས་པ།  ལྕགས་ཀྱུ།  དྲིལ་བུ་དང༌།  རྡོ་རྗེ་སོགས་བསྣམས་ཡོད།

གཟུངས་སྔགས། ཨོཾ་ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ།

༄༅།། རྡོ་རྗེ་གྲོ་ལོད།

སློབ་དཔོན་པདྨའི་ཁྲོ་བོའི་རྣམ་པ་ཅན། །སྔགས་བརྒྱུད་རྙིང་མའི་ཡི་དམ་ལྷ་ཡི་གཙོ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྐུ་མདོག་སྨུག །ཁྲོ་ཞལ་མཆེ་བ་གཙིག་ཅིང་དབུ་སྐྲ་བརྫེས། །སྨ་ར་སྨིན་མ་མེ་ལྕེ་དྲག་ཏུ་འབར་བ། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕུར་བུ་དང༌། །སོར་རྩེ་སྡིག་ར་ནག་པོའི་ཕྱག་མཚན་ཅན། །རིན་ཆེན་ཆོས་དུང་དཀར་པོའི་རྣ་རྒྱན་ཐོགས། །འགྱིང་པའི་སྟབས་ཀྱིས་སྟག་མོའི་སྟེང་དུ་ཆིབས། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། །ཡི་དམ་གཙོ་བོའི་ལྷ་འདི་བསྙེན་བཀུར་ན། །འབྱུང་བཞིའི་ནད་དང་གནོད་པ་ཐམས་ཅད་སེལ། །སྒྲིབ་པ་ཀུན་དག་སྟོང་ཉིད་མྱུར་དུ་རྟོགས། །གཤིན་རྗེའི་གདོན་དང་མ་མོ་དྲག་གཤེད་སོགས། །གནོད་པ་ཞི་ཞིང་ལེགས་ཚོགས་ཆར་དུ་བསྙིལ། །

གཟུངས་སྔགས། ཧཱུྃ་ཧཱུྃ་ཧཱུྃ༔ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིངྔྷི་ཧཱུྃ་ཧཱུྃ༔

༄༅།། གུ་རུ་དྲག་པོ།

གུ་རུ་དྲག་པོ་ནི་རྙིང་མ་བའི་གསང་བའི་ཡི་དམ་ཡིན། འདི་ཉིད་སྐུ་མདོག་ནག་ཅིང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་ལ། ཕྱག་གཡས་པས་གནམ་ལྕགས་ཐོག་ལས་གྲུབ་པའི་རྡོ་རྗེ་གསོར། ཕྱག་གཡོན་པས་གནམ་ལྕགས་ཀྱི་ཕུར་པ་བསྣམས་པ་དང༌། སྐུ་ལ་རུས་རྒྱན་དང་སྟག་པགས་སོགས་ཀྱིས་བརྒྱན་ཅིང༌། འགྱིངས་པའི་སྟབས་ཀྱིས་ལྕགས་ཕག་མགོ་དགུའི་སྟེང་དུ་བཞེངས་ཡོད། བཅིབས་པ་ལྕགས་ཕག་གིས་འཇིགས་སུ་རུང་བའི་སྒྲ་སྒྲོག་ཅིང་དབང་པོའི་བུ་ག་དགུ་ལས་མེ་ལྕེ་མཆེད་པར་ཡོད།

ཡི་དམ་འདི་ལ་སྡིག་སྒྲིབ་དང༌། ནད་ཡམས། ཀླུ་བཙན། གདོན་བགེགས། ཉོན་མོངས་སོགས་འཇོམས་པའི་འཕྲིན་ལས་ལྡན། དེའི་ལུས་ལ་རྡོ་རྗེའི་གོ་ཆ་བཙན་པོ་གྱོན་པ་བཞིན་དུ་ཅི་གང་ཡང་རུང་བས་གནོད་མི་ནུས་པ་ཡིན། ཤེས་རབ་དང་སྙིང་རྗེ་དང་མཐུ་སྟོབས་བཅས་ཀྱི་༼ལྷའིའཇམ་དབྱངས་དང་སྤྱན་རས་གཟིགས་དང་ཕྱག་རྡོར༽ཡོན་ཏན་ཐོབ་པར་འགྱུར་གསུངས།

གཟུངས་སྔགས། ཨོཾ་ཨཱཿཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔

༄༅།། གུ་རུ་ཁྲོ་བོ།

རྣམ་འབྱོར་བླ་མེད་ཀྱི་ཡི་དམ། སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། ཁྲོ་བོའི་རྣམ་པ་ཅན།

ཕྱག་གཡས་ཀྱིས་གནམ་ལྕགས་རྡོ་རྗེ་འཕྱར་བ། གཡོན་གྱིས་སྡིག་རྭ་མགོ་དགུ་ཐོག་པ། སྤྱི་བོར་མི་མགོ་སྐམ་པོའི་རིགས་ལྔས་བརྒྱན་པ། མི་མགོ་རློན་པའི་ཕྲེང་བ་དང་། སྐུ་ལ་མི་དང་སྟག་དང་གླང་ཆེན་གྱི་པགས་པ་མནབས་པ། སྐུ་སྨད་ཆུ་སྲིན་ཁྲོ་བོ་དང་ཕུར་བུས་བདུད་ཀྱི་སྙིང་ཁར་བཙུགས་པ། པད་མའི་དཀྱིལ་འཁོར་སྟེང་དུ་བཞུགས་པའོ།

ཡི་དམ་གྱི་ལྷ་འདི་བསྒོམ་པས་ཆོས་ཀྱི་འཕྲིན་ལས་ཐམས་ཅད་རྒྱས་ཤིང༌། མ་རུང་བ་ཀླུ་དང་གདོན་དང་བགེགས་རིགས་ཐམས་ཅད་ཀྱིས་གནོན་པས་མི་ཚུགས། ཉོན་མོངས་པའི་སྒྲིབ་པ་དག་ནས་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ།།

གཟུངས་སྔགས། ཨོཾ་པདྨ་ཤ་བ་རི་ཧཱུྃ་ཕཊཿནན་པར་ཤིག༔ནག་ནནཿཏདྱ་ཐཱཿསརྦ་བི་རི་ཏ་ཧ་ན་ཧ་ན་བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ།

༄༅།། གུ་དྲག་ཀཱི་ལ་ཡ།

གུ་དྲག་ཀཱི་ལ་ཡ་ནི་གུ་རུ་དྲག་པོ་དང་རྡོ་རྗེ་ཕུར་པ་གཉིས་གཞི་གཅིག་ཏུ་གྲུབ་པའི་སྤྲུལ་བ་དང་སངས་རྒྱས་འོད་དཔག་མེད་ཀྱི་ཁྲོ་བོའི་སྐུ་ཡི་མངོན་སྤྲུལ་ཡིན་ཞིང༌། སྔགས་བླ་མེད་ཕ་རྒྱུད་ཀྱི་ཡི་དམ་ཞིག་ཡིན།

ཡི་དམ་འདིའི་སྐུ་མདོག་དམར་པོ་དང་དབུ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན་པ་ཁྲོ་གཉེར་དང་ལྡན། ཕྱག་གཡས་པས་གནམ་ལྕགས་ཕུར་པ་གྱེན་དུ་གསོར་ཞིང་གཡོན་པས་ལྕགས་ཀྱི་སྡིག་པ་རྭ་ཙ་བསྣམས། སྐུ་ལ་དུད་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ་དང༌། རྒྱབ་ཏུ་གཤོགས་ཟུང་རྒྱས་ཤིང༌། སྐུ་སྨད་ཆུ་སྲིན་ཁྲོས་པའི་ཞལ་དང་ཕུར་བའི་གཟུགས་ཀྱིས་གདོན་འདྲེའི་ལུས་ལ་གཟིར་ནས་པད་མ་ཉི་མའི་དཀྱིལ་འཁོར་སྟེང་དུ་བཞེངས་ཡོད།

འདི་ཉིད་བསྒྲུབས་ན་སངས་རྒྱས་ཀྱི་བསྟན་དགྲ་བསྒྲལ་བ་དང༌། ཀླུ་བདུད་གདོན་འདྲེ་སོགས་འཐུལ་ལོ།།

གཟུངས་སྔགས། ཨོཾ་ཨཱཿཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔

༄༅།། ཕྱག་ན་རྡོ་རྗེ།

ཕྱག་རྡོར་ནི་ཤཱཀྱ་ཐུབ་པས་གསང་སྔགས་ཀྱི་ཆོས་གསུང་པ་རྣམས་བཀའ་བསྡུ་བྱེད་མཁན་ཡིན་ལ། ཤཱཀྱ་ཐུབ་པའི་ཐུགས་ཀྱི་གསང་བའི་སྤྲུལ་བའང་ཡིན་པས་གསང་བདག་ཀྱང་བྱ། འདི་ཉིད་དང་སྤྱན་རས་གཟིགས་འཇམ་དབྱངས་གསུམ་ལ་རིག་གསུམ་མགོན་པོ་ཞེས་ཟེར། དེ་ཡང་ཕྱག་ན་མཚན་རྟགས་རྡོ་རྗེ་ཡོད་པས་མཚན་དེ་ལྟར་གྲགས།

ལྷ་འདི་ལ་སྐུའི་རྣམ་པ་མི་འདྲ་བ་འགའ་སྣང་བ་ལས་སྐུ་མདོག་མཐིང་ནག་དང་དབུ་གཅིག་ཕྱག་གཉིས་སྤྱན་གསུམ་ཅན་འདི་ཁྱབ་ཆེ་ཞིང༌། ཕྱག་གཡས་པ་རྡོ་རྗེ་གྱེན་དུ་གསོར་ཞིང་གཡོན་པས་ཞགས་པ་ཐུགས་གར་འཛིན་པ་དང༌། སྤྲུལ་དང་སྟག་ལྤགས་སོགས་ཆས་ཀྱིས་བརྒྱན་སྟེ་མེད་དཔུང་དྲག་པོའི་ཁྲོད་དུ་བཞུགས་པའོ།

འདི་ཉིད་སྒྲུབ་ན་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཞུགས། ས་ཆུ་མེ་རླུང་གི་འགལ་རྐྱེན་ཐམས་ཅད་སེལ་ལོ།

གཙུངས་སྔགས། ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ།

༄༅།། རྟ་མགྲིན།

རྟ་མགྲིན་ནི་པད་མའི་རིགས་ཀྱི་རྒྱལ་བ་འོད་དཔག་མེད་ཀྱི་སྤྲུལ་བའམ་ཐུགས་རྗེ་ཆེན་པོའི་མངོན་སྤྲུལ་ཡིན། འདི་ཉིད་ལ་སྐུའི་རྣམ་པ་མི་འདྲ་བ་མང་པོ་ཡོད་པ་ལས་ཞལ་ཐང་འདི་ནི་དབུ་གཅིག་ཕྱག་གཉིས་ཅན་ཏེ། མཚན་ཡོངས་ལ་རྟ་མགྲིན་པད་མ་གར་གྱི་དབང་པོ་ཞེས་ཟེར། ལྷ་འདི་སྐུ་མདོག་དམར་པོ་ཡིན་ཞིང་སྤྱན་གསུམ་འབུར་ཚུགས་སུ་གཟིགས་ཤིང་ཞལ་གདངས་ལ་མཆེ་བ་གཙིགས་པ། སྤྱི་གཙུག་ན་རྟ་མགོ་ལྗང་གུ་ཡོད་ཅིང་། ཕྱག་གཡས་པར་རུས་པའི་འཁར་གསིལ་དང་གཡོན་པར་ཞགས་པ་བསྣམས་ལ། སྐུ་ལ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ་དང་། ཞབས་ཟུང་གིས་གདོན་འདྲེ་ཕོ་མོ་མནན་ནས་པད་ཟླའི་དཀྱིལ་འཁོར་སྟེང་དུ་མེ་དཔུང་དྲག་པོའི་ཁྲོད་ན་གར་སྟབས་ཀྱིས་བཞེངས་ཡོད།

རྟ་མགྲིན་གྱི་འཕྲིན་ལས་ནི་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཐམས་ཅད་འདུལ་བ་དང༌། མ་རིག་པའི་སྒྲིབ་པ་དང་ནད་ཡམས་སོགས་སེལ་ཞིང༌། མ་རུང་བའི་སྔགས་ཐམས་ཅད་བཟློག་པའོ།།

གཟུངས་སྔགས། ཨོཾ་ཧྲཱིཿཔདྨ་ཊ་ཀྲྀ་ཏ་ཧ་ཡ་གྷྲི་ཝ་ཧྲཱིཿཧཱུྃ་ཕཊ།

༄༅།། བདེ་མཆོག

བོད་ཀྱི་གསང་སྔགས་ལས་བླ་མེད་མ་རྒྱུད་ཀྱི་ཡི་དམ་ཞིག་དང༌། གསང་སྔགས་གསར་མ་སྤྱི་དང་ལྷག་པར་དུ་བཀའ་བརྒྱུད་པས་གཙིགས་སུ་འཛིན་པའི་ཡི་དམ་གྱི་གྲས་ཤིག་ཡིན། སྤྱིར་བཏང་གི་སྒྲུབ་རིམ་ལ་ཐོག་མར་ངེས་པར་དུ་ཡི་དམ་འདིའི་དབང་གིས་རྒྱུད་སྨིན་པར་མཛད། དེ་ནས་བསྐྱེད་རྫོགས་དང་ཕྱག་རྒྱ་ཆེན་པོ་སྒོམ་པ་ཡིན། ལྷ་འདི་སྐུ་མདོག་སྔོན་པོ་ཡིན་ཞིང༌། དབུ་སྐྲའི་གཙུག་ཏོར་རྩེ་ན་རུས་པའི་ཆོས་འཁོར་དང་ནོར་བུས་བརྒྱན་པ་དང༌། དེའི་མདུན་དུ་རྡོ་རྗེ་རྒྱ་གྲམ་དང་གཡོན་གཞོགས་སུ་ཟླ་ཕྱེད་ཀྱིས་བརྒྱན། གསང་ཡུམ་རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་ལ། སྐུ་གཅེར་བུར་ཡོད་ཅིང་དབུ་སྐྲ་ཐུར་དུ་འཕྱང་ཡོད། ཡབ་ཡུམ་ཟུང་ལ་མི་མགོའི་དབུ་རྒྱན་དང༌། རུས་རྒྱན། མི་མགོ་རློན་པ་ལྔ་བཅུའི་ཕྲེང་བ་བཅས་ཀྱིས་བརྒྱན། ཞབས་ཟུང་ལས་གཡས་པས་དབང་ཕྱུག་གི་ཡུམ་གྱི་སྙིང་གར་མནན་པ་དང་གཡོན་པས་དབང་ཕྱུག་སྔོན་པོའི་མགོ་བོར་མནན་ཡོད།

ཡི་དམ་འདི་བསྒྲུབས་པས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་བརྙེས་ཐུབ་གསུངས།

གཟུངས་སྔགས། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ།

༄༅།། གསང་འདུས།

འདི་ཉིད་རྣལ་འབྱོར་བླ་མེད་རྒྱུད་ཀྱི་ཡི་དམ་ཞིག་ཡིན། བཀའ་བརྒྱུད་པ་དང་དགེ་ལུགས་པས་འདི་ལ་ལྷག་ཏུ་བཙིགས་ཆེ། གསང་འདུས་སྐུར་བརྒྱུད་མི་འདྲ་བའི་དབང་དུ་གསང་འདུས་འཇམ་པའི་རྡོ་རྗེ་༼སྐུ་མདོག་དམར་སེར་༽དང་གསང་འདུས་མི་སྐྱོད་རྡོ་རྗེ་༼སྐུ་མདོག་མཐིང་ཐ༽སོགས་མི་འདྲ་བ་འགའ་ཡོད་པ་ལ། ཞལ་ཐང་འདི་ནི་གསང་འདུས་མི་སྐྱོད་རྡོ་རྗེའི་སྐུ་ཡིན། ཐོད་ཆར་མགོན་པོ་ཀླུ་སྒྲུབ་སོགས་རྩ་བརྒྱུད་བླ་མ་དང་འོག་ཏུ་མགོན་པོ་ཕྱག་དྲུག་སོགས་སྲུང་མ་དག་བཞུགས།
ལྷ་འདི་ལ་ཞལ་གསུམ་ཕྱག་དྲུག་ཡོད་ཅིང་གསང་ཡུམ་གྱིས་འཁྱུད་པ་དང༌། ཕྱག་ཏུ་རྡོ་རྗེ་དང་དྲིལ་བུ། འཁོར་ལོ་དང་པད་མ། རལ་གྲི་དང་ནོར་བུ་བཅས་བསྣམས་ཤིང༌། དབུ་ལ་རིགས་ལྔའི་ཅོད་པན་བནབས་པ་སོགས་ལོངས་སྐུའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་ཡོད། ཕྱག་ཏུ་བསྣམས་པའི་རྡོ་རྗེས་རྒྱལ་བ་མི་བསྐྱོད་རྡོ་རྗེ་དང་མེ་ལོང་ཡེ་ཤེས། འཁོར་ལོས་རྒྱལ་བ་རྣམ་པར་སྣང་མཛད་དང་ཆོས་དབྱིངས་ཡེ་ཤེས། པད་མས་རྒྱལ་བ་སྣང་བ་མཐའ་ཡས་དང་སོར་རྟོག་ཡེ་ཤེས། རལ་གྲིས་རྒྱལ་བ་དོན་ཡོན་གྲུབ་པ་དང་བྱ་གྲུབ་ཡེ་ཤེས། ནོར་བུས་རྒྱལ་བ་རིན་ཆེན་འབྱུང་གནས་དང་མཉམ་ཉིད་ཡེ་ཤེས་བཅས་མཚོན་ནོ།
འདི་ཉིད་བསྒྲུབས་ན་ཉོན་མོངས་དུག་ལྔ་སེལ་ནས་ཡེ་ཤེས་ལྔ་ལ་དབང་འབྱོར་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཐོབ་གསུངས།།

གཟུངས་སྔགས། ཨོཾ་ཨཱཿབཛྲ་བྷྲྀ་ཀ་ཧཱྃ་ཧཱྃ།

རྡོ་རྗེ་འཇིགས་བྱེད།

རྣལ་འབྱོར་བླ་མེད་རྒྱུད་ཀྱི་ཡི་དམ་ཞིག་ཡིན། འཇམ་དཔལ་དབྱངས་ཀྱི་ཁྲོ་བོའི་མངོན་སྤྲུལ་ཡིན་ལ་གཏུམ་ཞིང་རྔམ་པའི་རྣམ་འགྱུར་གྱིས་གདོན་བགེགས་ཐམས་ཅད་འཇིགས་པར་བྱེད། ས་སྐྱ་བ་དང་དགེ་ལུགས་པས་གཙིགས་ཆེར་འཛིན།

འདི་ཉིད་ཀྱི་སྐུ་མདོག་སྔོ་ནག་ཡིན་པ་དང༌། ཞལ་དགུ་ཡོད་པས་ཐེག་ཆེན་གྱི་བསྟན་བཅོས་དགུ་མཚོན། ཕྱག་སོ་བཞི་ཡོད་པས་ལུག་ངག་ཡིད་གསུམ་དང་བཅས་ཏེ་བྱང་ཆུབ་སོ་བདུན་མཚོན། རྩ་ཞལ་གྱི་དབུ་ན་རྭ་གཉིས་ཡོད་པས་བདེན་པ་གཉིས་མཚོན། ཞབས་བཅུ་དྲུག་ཡོད་པས་སྟོང་ཉིད་བཅུ་དྲུག་མཚོན་ཞིང་གཡས་པས་མི་སོགས་མནན་པས་གྲུབ་པ་བརྒྱད་མཚོན་ལ་གཡོན་པས་འདབ་ཆགས་སོགས་མནན་པས་དབང་ཕྱུག་བརྒྱད་མཚོན། རིག་མ་རྡོ་རྗེ་རོ་ལངས་མ་འཆང་བས་བདེ་བ་ཆེན་པོ་མཚོན། མདོར་ན་བྱང་ཆོས་སོ་བདུན་ལ་མངའ་བརྙེས་ཤིང་སྟོང་ཉིད་བཅུ་དྲུག་ལ་དབང་འབྱོར་བ་མཚོན་པའོ།།

གཟུངས་སྔགས། ཨོཾ་ཧྲཱིཿཥྚཱི༔ཝི་ཀྲི་ཏཱ་ན་ན་ཧཱུྂ་ཕཊ།

༄༅།། དུས་འཁོར།

ཞལ་ཐང་འདིའི་ཐོད་ཆར་སྟོན་པ་ཤཱཀྱ་ཐུབ་པ་དང༌། གཡས་སུ་སྒྲོལ་དཀར། གཡོན་དུ་སྒྲོལ་ལྗང༌། གཡས་ཀྱི་འོག་ཏུ་སྤྱན་མི་བཟང༌། གཡོན་གྱི་འོག་ཏུ་ཛམ་བྷ་ལ་སེར་པོ་བཅས་ཡོད། གཙོ་སྐུ་དཔལ་དུས་ཀྱི་འཁོར་ལོ་ཉིད་གསང་ཡུམ་ལ་འཁྱུད་དེ་ཉི་ཟླ་སྐར་གསུམ་དང་པད་མའི་དཀྱིལ་འཁོར་གྱི་སྟེང་དུ་ཟུང་འཇུག་གི་ཐབས་ཀྱིས་བཞེངས་ཤིང༌། ཞབས་ཟུང་གིས་དབང་ཕྱུག་ཡབ་ཡུམ་མནན་པས་ཉོན་མོངས་དུག་གསུམ་སོགས་འཇོམས་པ་མཚོན།

ལྷ་འདི་ལ་ཞལ་བཞི་ཕྱག་ཉེར་བཞི་ཡོད་ཅིང༌། ཞལ་བཞི་བོ་ལས་རྩ་ཞལ་སྔོན་པོ་དང༌། གཡས་ཞལ་དམར་པོ། གཡོན་ཞལ་དཀར་པོ། རྒྱབ་ཞལ་སེར་པོ་བཅས་ཡིན་པ་དང༌། ཞལ་རེར་སྤྱན་གསུམ་རེ་ལྡན། སྐུ་ལ་ལོངས་སྐུའི་རྒྱན་ཐམས་ཅད་འཛོམས་ཡོད། གསང་ཡུམ་གྱི་རྩ་ཞལ་སེར་པོ་གཡོན་ཞལ་དམར་པོ། གཡས་ཞལ་དཀར་པོ། རྒྱབ་ཞལ་སྔོན་པོ་བཅས་ཡིན་པ་དང༌།  ཞལ་རེར་སྤྱན་གསུམ་རེ་ལྡན།

ཡི་དམ་འདི་བསྒྲུབས་ཤིང་མཆོད་ན་གཡུལ་གྱི་འཇིགས་པ་སོགས་ཞི་བར་བྱེད་ཅིང༌། ལོ་ཕྱུགས་ལེགས་ལ་གཡང་འཁོར་བ་དང༌། རྒྱབ་ཁམས་བདེ་ཞིང་སྐྱིད་པ་སོགས་ཀྱི་དངོས་གྲུབ་ཐོབ་ཐུབ་གསུངས།

གཟུང་སྔགས། ཨོཾ་ཧ་ཀྵ་མ་ལ་ཝ་རཡྃ་སྭཱ་ཧཱ།

༄༅།། ཁྲོ་བོ་མི་གཡོ་བ།

ཁྲོ་བོ་མི་གཡོ་བ་ནི་ཕྱག་གཡས་སུ་རལ་གྲི་དང༌། གཡོན་དུ་ཞགས་པ། སྐུ་ལུས་སུ་སྦྲུལ་འཁྲིལ་ཞིང་རྔམས་བརྗིད་དང་ལྡན། ཐོད་ཆར་འོད་དཔག་མེད་སོགས་དང༌། སྨད་ཆར་སྤྱན་རས་གཟིགས་སོགས་གྲལ་བསྟར་གྱིས་བཀོད་ཡོད།

གོས་ཆེན་བགྲས་བཏགས་ཀྱི་ཐང་ག་འདིའི་ཐོག་བོད་ཡིག་ལས་བརྩོན་འགྲུས་གྲགས་ཀྱིས་དགེ་རྒན་གྲགས་པ་རྒྱལ་མཚན་ལ་ཕུལ་ཞེས་དོན་འཁོད་འདུག གྲགས་པ་རྒྱལ་མཚན་ནི་ས་སྐྱའི་གོང་མ་རྣམས་ལྔའི་ནང་གི་གསུམ་པ་ཡིན།

ཐང་ག་འདི་སུང་རྒྱལ་རབས་ཀྱི་དུས་མཇུག་ཏུ་རྒྱ་ནག་གིས་འཐག་པའི་མངགས་བཏགས་ཡིན་པ་གསལ་པོར་མངོན།

༄༅།། དཔལ་ཆེན་པོ་བུད་དྷ་ཧེ་རུ་ཀ

དཔལ་ཆེན་པོ་བུད་དྷ་ཧེ་རུ་ཀ་ནི་སྟོན་པ་ཀུན་ཏུ་བཟང་པོའི་སྤྲུལ་བ་ཡིན་ཞིང༌། ཞལ་ཉེར་གཅིག་དང་ཕྱག་ཉེར་བཞི་ཞབས་བརྒྱད་དང་ལྡན་ལ་སྐུ་ལ་ཁྲོ་བོ་སྐུའི་རྒྱན་ཀུན་དང་ལྡན། ཡུམ་ལ་ཞལ་དགུ་ཕྱག་བཅུ་ཞབས་བཅུ་བཞི་དང་ལྡན་ཞིང་ཡབ་ལ་འཁྱུད་དེ་བཞུགས།

ཕྱག་རེ་རེས་མེ་ལོང་རེ་བསྣམས་པ་ལས་ཞི་བའི་ལྷ་ཞེ་བཞི་ཤར་ཡོད་པ་ལ། རྩ་ཕྱག་གཡས་གཡོན་དུ་སྟོན་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཟུང་དང༌། དེ་འཕྲོས་གོང་ནས་འོག་ཏུ་རྒྱལ་བ་རིགས་ལྔ་དང༌། རྒྱལ་ཡུམ་ལྔ༌། སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། ཕྱོགས་སྐྱོང་རྒྱལ་ཆེན་བཞི་དང་ཁྲོ་མོ་བཞི། ཐུབ་པ་དྲུག་བཅས་སོ། ཞབས་འོག་ཏུ་འགྲོ་བ་རིགས་དྲུག་མནན་ཡོད་ཅིང་སྐུ་ལས་ཡེ་ཤེས་ཀྱི་མེ་ལྕེ་མཆེད་ཅིང་ཡོད།

ལྷ་འདི་བསྒྲུབས་ན་ངན་སོང་གསུམ་ལས་ཐར་ཏེ་ཐར་པའི་གོ་འཕང་ཐོབ་ཐུབ་པར་གསུངས།

གཟུངས་སྔགས། ཨོཾ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ།

 

༄༅།། སེང་གདོང་ལྷ་མོ།

ཡེ་ཤེས་མཁའ་འགྲོ་སེང་གདོང་མ་ནི་ལྷ་མོ་དབྱངས་ཅན་མ་དང་རྡོ་རྗེ་ཕག་མོའི་སྤྲུལ་བ་ཡིན། རྙིང་མ་བའི་ཡི་དམ་ཁྱད་འཕགས་ཅན་ཞིག་ཡིན། མཁའ་འགྲོ་འདི་ཉིད་ཀྱི་སྐུ་མདོག་སྔོན་པོ་དང་༼ དམར་པོའང་ཡོད ༽ལ། དབུ་སྐྲ་དམར་སེར་མེ་ལྕེ་བཞིན་རྒོད་པ་དང་ཐོད་ཕྲེང་ཅན་གྱི་དབུ་རྒྱན་མནབས། སྤྱན་གསུམ་འབུར་ཚུགས་སུ་གཟིགས་ལ་ཤིན་ཏུ་ཁྲོ་བའི་རྣམ་པ་ཅན། ཕྱག་གཡོན་པར་ཁྲག་གིས་བཀང་པའི་ཐོད་ཕོར་དང་ཕྱག་གཡས་པར་གྲི་གུག་ཡོད། མགུལ་དུ་མི་མགོ་རློན་པའི་ཕྲེང་བ་དང་སྐུ་ལ་སྟག་པགས་མནམས་པ། ཞབས་འོག་ཏུ་ལོག་འདྲེན་གན་རྒྱལ་དུ་མནན་ཡོད་ཅིང་ཞབས་གཡས་པ་ཅུང་ཟད་བསྐུམ་ནས་གར་སྟབས་སུ་བཞེངས་པའོ།

མཁའ་འགྲོ་འདི་བསྒྲུབས་ཅིང་འདིའི་གཟུངས་བཟླས་ན་དུས་སྐྱོན་དང་འཁྲུག་རྩོད་དང་ནད་ཡམས་དང་མུ་གེ་སོགས་བཟློག་ཐུབ་ལ། ལོ་ཟླ་ཚེས་ཞག་ཀུན་གྱི་གེགས་སྣ་ཚོགས་ཀྱང་འདི་ཉིད་ཀྱིས་ཅིག་ཅར་དུ་འཇོམས་ཐུབ་པར་གསུངས་སོ།།

གཟུངས་སྔགས། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ

༄༅།། རྡོ་རྗེ་ཕག་མོ།

བཀའ་བརྒྱུད་པའི་ཡི་དམ་གྱི་ལྷ་རྡོ་རྗེ་ཕག་མོ་ནི། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་པོ། མེ་དཔུང་འབར་བའི་དབུས་སུ་ཕྱག་གཡས་ན་གྲི་གུག་དང་གཡོན་ན་ཐོད་པ་ཐོགས་ཤིང་ཕྱག་རྒྱ་ལྔས་སྤྲས་པ། གྲུ་མོ་ན་ཁཱ་ཊཱཾག་ཡོད་པ། བཅུ་དྲུག་ལོང་ཚོའི་དཔལ་དང་ལྡན་ཞིང་འདོད་པའི་མྱོས་བུམ་ཟུང་ཞིག་འབུར་དུ་ཐོན་པ། སྤྱན་གསུམ་འབུར་ཚུགས་སུ་གཟིངས་པ། ཞལ་གྱི་མཆེ་བས་མ་མཆུ་དམ་དུ་བསྡམས་པ། དབུ་སྐྲ་སེར་ནག་གྱེན་ལ་གཟེངས་པ། མི་མགོ་སྐམ་པོ་ལྔའི་ཅོད་པཎ་དང་རློན་པ་ལྔ་བཅུ་རྩ་གཅིག་གྱིས་བརྒྱན་ཡོད། གར་དགུའི་ཉམས་དང་ལྡན་པ་ལ། ཞབས་གཡས་བསྐུམ་ཞིང་གཡོན་པ་རྐྱང་བའི་ཚུལ་གྱིས་པདྨ་ཉི་རོའི་གདན་ལ་བཞུགས་པ།

ཐང་ག་འདིའི་གཡས་མདུན་ན་ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ། ལྷོ་ཕྱོགས་སུ་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ། བྱང་ཕྱོགས་སུ་ལས་ཀྱི་མཁའ་འགྲོ་མ་ལྗང་མོ། གོང་ན་རིན་ཆེན་ཆོས་རྒྱལ། འོག་ན་ཆོས་སྐྱོང་བར་ནག་ཅན་ཡོད།

རྡོ་རྗེ་ཕག་མོ་བསྒོམ་པས། སྒྲིབ་གཉིས་བག་ཆགས་དང་བཅས་པ་སེལ་ཞིང་ཤེས་རབ་རྒྱས་པ། འཆི་མེད་རྡོ་རྗེའི་ལུས་ལ་མངའ་བརྙེས་པ། དགྲ་དང་བདུད་སོགས་མ་རུང་བའི་སྡེ་ལས་རྣམ་པར་རྒྱལ་བ། ཆོས་ཐམས་ཅད་ལ་ཆགས་ཐོགས་བྲལ་བའི་གོ་འཕང་འཐོབ་པར་གསུངས།

གཟུངས་སྔགས། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ།

༄༅།། རྡོ་རྗེ་ཕུར་པ།

ལྷ་འདི་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱུག་དྲུག་ཞབས་བཞི་དང་ལྡན་པ་ཡིན། ཕྱག་གཡས་གཉིས་ན་རྡོ་རྗེ་དགུ་བ་དང་ལྔ་པ། གཡོན་པ་གཉིས་ན་མེ་ཕུང་དང་ཁ་ཊཱཾ། ཐ་མ་གཉིས་ཀྱིས་ཕུར་བུ་འདྲིལ་བ། ཡུམ་འཁོར་ལོ་དགྱེས་འདེབས་མ་དང་མཉམ་པར་སྦྱོར་བའོ།།
ཡི་དམ་འདིས་ལྤགས་པའི་ན་བཟའ་རིགས་གསུམ་མནམས་པ་ལ། གླང་ཆེན་ལྤགས་པས་གཏི་མུག་འཇོམས་པ་དང༌། ཞིང་གི་ལྤགས་པས་འདོད་ཆགས་འཇོམས་པ་དང་། སྟག་གི་པགས་པས་ཞེ་སྡང་འཇོམས་པ་བཅས་མཚོན། དབུ་ལ་རིགས་ལྔ་ཅོད་པན་མནབས་པས་ཡེ་ཤེས་ལྔ་མཚོན་པ་དང༌། དབུ་དང་མགུལ་ལ་ཐོད་ཕྲེང་དང་སྤྲུལ་ཞགས་སོགས་ཀྱིས་བརྒྱན་པས་ཀླུ་བདུད་སོགས་དྲེགས་པ་ཐམས་ཅད་ཟིལ་གྱིས་མནོན་པའི་མཐུ་དང་ལྡན་པ་མཚོན་ཞབས་བཞིས་པདྨ་སང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ལྷ་ཆེན་ཁྱོ་ཤུགས་གནོན་ནས་བཞུགས།
གངས་སྔགས་རྙིང་མས་ཡི་དམ་འདི་རྩ་ལྷར་འཛིན་ཞིང་ས་སྐྱ་པའང་འདི་ཉིད་ལ་གཙུགས་ཆེ། ཡི་དམ་འདི་སྒྲུབ་པར་བྱེད་པ་ནི་བདག་གཉིས་སུ་འཛིན་པའི་མ་དག་པའི་བློ་སྤངས་བ་དང༌། གཉིས་མེད་བདེ་ཆེན་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བར་གསུངས་སོ།།

གཟུངས་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ།

༄༅།། མ་གཅིག་ལབ་སྒྲོན།

མ་གཅིག་ལབ་སྒྲོན་ནི་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་ཞི་བྱེད་པའི་མི་སྣ་གཙོ་བོ་ཡིན། ཁོང་ནི་རབ་བྱུང་དང་པོའི་ ༡༠༣༡ ལྕགས་ལུག་ལ་འཁྲུངས། ཞི་བྱེད་པའི་ཆོས་ཀྱི་ཡ་གྱལ་གཅོད་ཅེས་པ་དེ་ནི་རང་དོན་ཡིད་བྱེད་དང༌། བདག་འཛིན་གཉིས་གཅོད་པ་ལ་ཟེར། དེ་ནི་རྒྱ་གར་བ་ཕ་དམ་པ་སངས་རྒྱས་ཀྱིས་གཙང་དུ་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་དང༌། ཡར་ལུང་པ་སྨ་ར་སེར་པོ་གཉིས་ལ་གནང༌། སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ཀྱིས་རང་གི་སྐུ་མཆེད་སྐྱོ་སྟོན་བསོད་ནམས་བླ་མར་གནང༌། དེས་མ་གཅིག་ལབ་ཀྱི་སྒྲོན་མར་གནང་སྟེ་ཕོ་གཅོད་དང་མོ་གཅོད་གཉིས་སུ་གྱེས་ནས་སྨ་ར་སེར་པོ་ལས་བརྒྱུད་པ་ནི་སྐྱེས་པ་ཡིན་སྟབས་ཕོ་གཅོད་དང༌། སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ལས་བརྒྱུད་པ་ནི་བུད་མེད་ཡིན་སྟབས་མོ་གཅོད་ཅེས་གྲགས།

མ་གཅིག་ལབ་སྒྲོན་ནི་བོད་དུ་བུད་མེད་ཀྱི་ཁྲོད་ནས་གཟེངས་སུ་ཐོན་ཤོས་ཤིག་ཡིན། ཁོང་དང་ཁོང་གི་སློབ་མ་ཚོས་མཚན་མོར་རི་ཁྲོད་དུ་གཅོད་བཏང་བ་དང༌། ལྷག་པར་ཁོང་གིས་དུར་ཁྲོད་བརྒྱ་དང་བརྒྱད། ཆུ་མིག་བརྒྱ་དང་བརྒྱད་ལ་སྒོམ་བརྒྱབས་པས་མཆོག་གི་དངོས་གྲུབ་བརྙེས་ཏེ་རབ་བྱུང་གཉིས་པའི་ ༡༡༢༩ ས་བྱ་ལ་གཤེགས་པའོ།།

གཟུངས་སྔགས། ཨོཾ་ཨཱཿབཾ་གུ་རུ་ཧ་རི་ས་སིངྔྷི་ཧཱུྃ།

༄༅།། སྔགས་སྲུང་མ།

གསང་སྔགས་རྙིང་མ་པའི་ཆོས་སྐྱོང་གསུམ་གྱི་ཡ་གྱལ་འཕགས་པ་ཀུན་ཏུ་བཟང་མོའི་སྤྲུལ་ཡིན། ཞལ་ལ་སྤྱན་གཅིག་པོ་དཔྲལ་བའི་དཀྱིལ་ཏུ་ཡོད་པས་སྲིད་གསུམ་བྱ་ར་བྱེད་མ། ཞལ་གྱི་མཆེ་བ་གཅིག་པོ་ཕུར་བའི་རྩེ་མོ་མར་ལ་བསྟན་པ་ལྟར་གྱིས་བསྟན་དགྲའི་སྲོག་རྩ་གཅོད་མ། འདོད་པོའི་མྱོས་བུམ་གཅིག་པོ་བྲང་ཀའི་དཀྱིལ་ན་ཡོད་པ་སྒྲུབ་མཆོག་བུ་བཞིན་སྐྱོང་མ། དབུ་སྐྲའི་ཐོར་ཅོག་སྤྱི་བོར་ན་བཅིངས་པ་འདིས་ཁོང་ནི་ཀུན་ཏུ་བཟང་མོའི་རྣམ་འཕྲུལ་ཡིན་པས་ངོ་བོ་ཉིད་དང་ཡེ་ཤེས་ཆོས་སྐུ་གཅིག་ཏུ་འདུས་པའི་ཆོས་ཉིད་མཚོན།

སྤྱན་དང་ཚེམས་དང་། འདོད་པས་མྱོས་བུམ་བཅས་པ་གཅིག་ཡིན་པ་འདི་ཆོས་ཐམས་ཅད་ཀྱི་ངོ་བོའམ་རང་བཞིན་གཅིག་ཡིན་པའི་མཚོན་དོན་ཡིན་གསུངས།

༄༅།། རྩ་གསུམ་ཆོས་སྐྱོང་རྒྱ་མཚོ།

ཞལ་ཐང་འདི་ནི་རྙིང་མ་བའི་རྩ་བར་གྱུར་པའི་ཡི་དམ་གསུམ་ཡིན། དེ་ཡང་ཐོད་ཆར་བཞུགས་པ་ནི་རྡོ་རྗེ་ཕུར་པ་སྟེ་འདི་ཉིད་རྙིང་མ་བའི་རྩ་ལྷ་ཡིན་ལ། དབུས་སུ་བཞུགས་པ་ནི་དཔལ་ལྡན་ཁྲག་འཐུང་ཡིན་ཞིང་ཕྱག་ཏུ་མཁར་གསིལ་དང་ཀ་པཱ་ལ་བསྣམས་ཡོད། དེའི་ཟུར་དུ་བཞེངས་པ་ནི་འདི་ཉིད་ཀྱི་གསང་ཡུམ་ཡིན། ཡི་དམ་འདི་དཔལ་འཁོར་ལོ་སྡོམ་པའི་སྤྲུལ་བ་ཡིན། དཀྱིལ་འོག་དུ་རྙིང་མ་བའི་ཐུན་མོང་མ་ཡིན་པའི་སྲུང་མ་གསུམ་སྟེ། གངས་དཀར་ཤ་མེད་མ་དང༌། རཱ་ཧཱ་ལ་དང༌། རྡོ་རྗེ་ལེགས་བཅས་སོ།

གཙོ་སྐུའི་གཡོན་གྱི་ཕྱི་མ་ནི་མགོན་པོ་ཕྱག་དྲུག་པ་ཡིན། གཙོ་སྐུའི་གཡས་ཀྱི་མདུན་མ་ནི་རྣམ་ཐོས་སྲས་དང༌། གཡོན་གྱི་མདུན་མ་ནི་དཔལ་ལྡན་ལྷ་མོ་བཅས་སོ།

 

༄༅།། ལྷ་མོ་རིག་བྱེད་མ།

ལྷ་མོ་རིག་བྱེད་མ་ནི་གསང་སྔགས་ཉམས་ལེན་བྱེད་མཁན་གྱིས་བསྟེན་པའི་ཡི་དམ་ཞིག་ཡིན། ཐོག་མར་བ་རི་ལོ་ཙཱ་བ་ནས་ས་ཆེན་ཀུན་དགའ་སྙིང་པོར་བརྒྱུད། ཕྱིས་སུ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་ཡི་དམ་ཞིག་ཏུ་གྱུར། དེའི་སྐུའི་ཆ་བྱད་ནི་བཞིན་རས་ཁྲོ་གཉེར་ཅན། སྤྱན་གསུམ་དང་ཕྱག་བཞི་ཡོད་ཅིང༌།  ཕྱག་དང་པོ་གཉིས་ཀྱིས་པདྨའི་མདའ་གཞུ་འཛིན་པ། འོག་མ་གཉིས་ཀྱིས་པདྨའི་གྲི་གུག་དང་ཞགས་པ་བཟུང་ཡོད། སྐུ་ལ་སྟག་པགས་མནབས་ཤིང་དབུ་སྐྲ་དམར་སེར་གྱེན་དུ་བརྫིས་པ། སིནྡྟུ་ཝ་རའི་མེ་ཏོག་གིས་ཐོད་བཅིངས་ལ་ནོར་བུ་དམར་པོའི་ཐོར་ཚུགས་ཀྱིས་བརྗིད་པ། མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཞིང་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། རུས་པའི་རྒྱན་ལྔ་དང་རིན་པོ་ཆེ་དང་མེ་ཏོག་དམར་པོའི་ཕྲེང་བས་མཛེས་པ། ཞབས་གཡས་བསྐུམས་པའི་སོར་མོ་གཡོན་པའི་བརླ་ལ་གཏད་ཅིང༌། གཡོན་བརྐྱངས་པས་ཉི་མ་ལ་གནས་པའི་བམ་རོ་དམར་སེར་བརྫིས་ནས་ཡོད། མདུན་དུ་དབང་པོ་རྣམ་ལྔའི་མཆོད་པ་བྲིས་ཡོད།

ཡི་དམ་འདི་བསྒྲུབས་པ་དང་འདིའི་བཟུང་བཟླས་ན་བསོད་ནམས་འཕེལ་ཞིང་དབང་ཐང་གཟི་བརྗིད་ཐོབ། འགྲོ་བ་གོང་འོག་ཀུན་དབང་དུ་འདུས་པར་གསུངས།

གསུངས་སྔགས། ཨོཾ་ཀུ་རུ་ཀུ་ལླེ་ཧྲཱིཿསྭཱ་ཧཱ།

༄༅།། རཱ་ཧུ་ལ།

རཱ་ཧུ་ལ་ནི་རྙིང་མ་བའི་ཐུན་མོང་མ་ཡིན་པའི་ཡི་དམ་གསུམ་གྱི་བྱེ་བྲག་ཡིན། སྔོན་གྱི་གཏམ་རྒྱུད་ལ་བསྐལ་པ་དུ་མའི་ཡར་སྔོན་དུ་བྲམ་ཟེ་ཞིག་གིས་རི་ཁྲོད་དུ་དཀའ་བ་སྤྱད་དེ་གྲུབ་པ་བརྙེས་པའི་ཚེ། རྒྱལ་པོས་ཐོས་ནས་ཕོ་བྲང་དུ་གདན་དྲངས་ཏེ་བཙུན་མོ་བཞི་དང་ལྷན་དུ་དབང་ཞུ་ཞིང་ཡོད་པ་ན། འཁོར་བློན་ཞིག་གིས་ཕྲག་དོག་གིས་རྒྱལ་པོ་ལ་བྲམ་ཟེ་དང་བཙུན་མོ་ལྐོག་ཏུ་འབྲེལ་བའི་རྫུན་སྨོས་པས། རྒྱལ་པོ་རྫུན་གྱིས་བསླུས་ཏེ་གྲུབ་ཆེན་དང་བཙུན་མོ་བཞི་བཅས་ཡུལ་མཐའ་ལ་སྤྱུགས་པ་རེད། བཙུན་མོ་བཞི་ཡིད་ཤིན་ཏུ་སྐྱོ་ནས་མེ་ལ་ལྕེབས་པ་གྲུབ་ཆེན་གྱིས་མཐོང་ནས་དེ་ཉིད་དུ་སྐུ་ལུས་ཧྲིལ་པོར་སྤྱན་གྱིས་ཁེངས་ཤིང༌། སྐུ་སྨད་སྤྲུལ་དང་སྐུ་སྟོད་མིའི་གཟུགས་དང་དབུ་དགུ་ཅན་དུ་གྱུར། ཕྱིས་སུ་འདི་ཉིད་གཟི་བརྗིད་དང་དྲག་རྩལ་ཆེ་བའི་ཆོས་སྐྱོང་དུ་གྱུར་ལ་བཙུན་མོ་བཞི་དེའི་འཁོར་དུ་གྱུར་པ་ལ། ཕྱག་ན་རྡོ་རྗེས་འདི་ཉིད་རྣལ་འབྱོར་བའི་སྲུང་མར་དབང་བསྐུར་པ་དང༌། ཕྱིས་སུ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ཀྱང་དེ་བཞིན་དབང་བསྐུར་པོའོ།

༄༅།། མགོན་པོ་བེར་ནག་ཅན།

མགོན་པོ་ནག་པོ་ཆེན་པོ་ནི་རྐརྨ་པ་རིམ་བྱོན་གྱི་སྲུང་མ་ཐུན་མོང་མ་ཡིན་པ་ཞིག་རེད། སྲུང་མ་འདི་སྐུ་མདོག་ནག་ལ་གཟུགས་ཐུང༌། སྟོབས་དང་གཟི་བརྗིད་རྒྱས། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ཞིང་ཟླུམ་པ་དང༌། དབུ་ལ་ཐོད་སྐམ་ལྔའི་ཅོད་པན་གསོལ་བ། དབུ་སྐྲ་དམར་སེར་གྱེན་དུ་གཟེངས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་ལ་ལྗགས་འདྲིལ་བ། ཕྱག་གཡས་པས་གྲི་གུག་དང་གཡོན་པས་ཐོད་ཁྲག་བཟུང་བ། སྐུ་ལ་བེར་ནག་དང༌། སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ། ཞབས་འོག་ཏུ་ལོག་འདྲེ་མནན་པ་སོགས་རྔམ་བརྗིད་དང་ལྡན་པའི་ངང་རྡོ་རྗེའི་བྲག་ཆེན་གྱི་ཐོག་ཏུ་པད་མ་དང་ཉི་མའི་ཁྲི་སྟེང་དུ་བཞེངས་ཡོད།

གཟུངས་སྔགས། ཨོཾ་ཤྲཱི་མ་ཧཱ་ཀ་ལ་ཡཀྵ་བཻ་ཏ་ལི་ཧཱུྃ་ཛཿ

༄༅།། མགོན་པོ་ཕྱག་བཞི་བ།

དཔལ་མགོན་ནག་པོ་ཆེན་པོ་ཕྱག་བཞི་བ་ནི་བདེ་མཆོག་གི་སྤྲུལ་བ་ཡིན་ཞིང་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་བཅས་ཀྱི་བདག་ཉིད་ཅན་ཡིན། འདི་ཉིད་རྒྱ་བོད་གཉིས་ཆ་ན་སྲུང་མའི་གཙོ་བོར་བྱེད།

ཆོས་སྐྱོང་འདིའི་སྐུ་མདོག་མཐིང་ནག་ཡིན་ལ། ཕྱག་ཏུ་རལ་གྲི་དང་གྲི་གུག་སོགས་བསྣམས་པ་དང༌། སྐུ་ལ་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་མི་མགོའི་དོ་ཤལ་དང་རུས་རྒྱན་སོགས་ཀྱིས་བརྒྱན་ལ་གསང་ཡུམ་དཔལ་ལྡན་ལྷ་མོས་འཁྱུད་དེ་པད་མ་ཉི་མའི་དཀྱིལ་འཁོར་སྟེང་དུ་ཟུང་འཇུག་གི་སྟབས་ཀྱིས་བཞུགས་ཡོད། བདེ་མཆོག་ཡི་དམ་ལ་སྒྲུབ་མཁན་གྱིས་ཆོས་སྐྱོང་འདི་ཉིན་རེ་བཞིན་དུ་མ་ཆད་པར་བསྟེན་ན་སྒྲུབ་དུས་ཀྱི་བགེགས་ཐམས་ཅད་མཐར་སྐྲོད་གཏོང་ཐུབ་གསུངས།

གཟུངས་སྔགས། ༀ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ།

༄༅།། མགོན་པོ་ཕྱག་དྲུག

མགོན་པོ་འདི་ཉིད་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་ལ། དུས་རྒྱུན་ཐུགས་རྗེ་ཆེན་པོའི་འཁོར་ན་གནས་ཤིང་ཞི་རྒྱས་དབང་དྲག་ལས་རྣམ་བཞིའི་འཕྲིན་ལས་མངའ། མགོན་པོ་འདི་ལ་ཕྱག་དྲུག་དང་། སྤྱན་གསུམ། ཞབས་གཉིས་ཡོད་ཅིང༌། ཙན་དན་གྱི་ཤིང་རྐང་གཅིག་པའི་དྲུང་དུ་མེད་དཔུང་འབར་བའི་དབུས་ན་བཞུགས་པ། སྐུ་ལ་གླང་ཆེན་དཀར་པོའི་ཀོ་བ་མནབས་ཤིང༌། ཕྱག་དྲུག་གི་དང་པོ་གཉིས་ལ་གྲི་གུག་དང་ཐོད་པ། བར་བ་གཉིས་ན་མི་མགོའི་ཕྲེང་བ་དང་མདུང་རྩེ་གསུམ་པ། ཐ་མ་གཉིས་སུ་ཊ་མ་རུ་དང་ཞགས་པ་འཛིན་པ། ཕྱག་དང་ཞབས་སོགས་ལ་སྤྲུལ་དཀར་སྔོན་སོགས་བརྒྱད་དང༌། དྲིལ་བུའི་གཡེར་ཁའི་ཕྲེང་བའི་བརྒྱན་པ། དབུ་ལ་ཐོད་པ་སྐམ་པོ་ལྔ་དང༌། རློན་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་སྟག་གི་ལྤགས་པའི་ཤམ་ཐབས་གསོལ་བ། ཞབས་གཉིས་མཉམ་པར་བཞེངས་པའི་འོག་ཏུ་ཚོགས་ཀྱི་བདག་པོ་མནན་པའོ།།
མགོན་པོ་འདི་ཉིད་བསྒྲུབས་ན་རྩོད་དུས་ཀྱི་ཉམ་ཐག་འགྲོ་བ་འདུལ་ཞིང་སྐྱོབ་ཐུབ་པ་དང༌། སེམས་ཅན་བར་དོའི་འཇིགས་སྐྲག་ལས་སྒྲོལ་ཐུབ་ཅིང༌། སྡུག་བསྔལ་དང་དབུལ་ཕོངས་སེང་ཐུབ་ལ་བདེ་ལེགས་ཐམས་ཅད་ཡིན་བཞིན་དུ་འགྲུབ་ཐུབ་གསུངས། ལྷ་འདི་ཡེ་ཤེས་ཀྱི་ཆོས་སྐྱོང་ཡིན་ཞིང༌། གསང་བར་མཆོད་ཅིང་སྒྲུབ་ན། འཕྲིན་ལས་ཤིན་ཏུ་མྱུར་བར་གསུངས་སོ།།

གཟུང་སྔགས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཊ་བྷི་གྷཱ་ན་བི་ན་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།

༄༅།། དཔལ་ལྡན་ལྷ་མོ།

ལྷ་མོ་འདི་ནི་དབྱངས་ཅན་ལྷ་མོ་དྲག་ཏུ་ཁྲོས་པའི་ཆོས་སྐྱོང་ཁྱད་དུ་འཕགས་པ་ཞིག་ཡིན། དུས་རབས་དགུ་པར་རྒྱལ་པོ་གླང་དར་གྱིས་བོད་དུ་རྒྱལ་བསྟན་སྣུབ་པའི་སྐབས་སུ་ལྷ་མོ་འདིས་ལྷ་ལུང་དཔལ་རྡོར་ལ་ལུང་གིས་བསྐུལ་སྟེ་གླང་དར་བཀྲོངས་པ་ཡིན་པར་གསུངས། བོད་ཀྱི་དགོན་སྡེ་ཆེ་ཆུང་ཀུན་ཏུ་ལྷ་མོ་འདི་མི་སྒྲུབ་མཁན་མེད།
དཔལ་ལྡན་ལྷ་མོའི་སྐུ་མདོག་སྔོན་པོ་ཡིན་ཞིང་ཞལ་གཅིག་ཕྱག་གཉིས་དང་ལྡན། ཆིབས་དྲེལ་རག་དམར་གྱི་སྟེང་དུ་རོལ་བའི་སྟབས་ཀྱིས་བཞུགས་ཏེ་རི་དང་ཁྲག་གི་རྒྱ་མཚོའི་སྟེང་དུ་འཕུར་ཞིང་བགྲོད་པ་དང༌། མཐའ་འཁོར་དུ་མེ་དཔུང་དང་རླུང་འཚུབ་འཁྲིགས་པ། ཕྱག་གཡས་པས་བེ་ཅོན་དང་གཡོན་པས་ཁྲག་གིས་གང་བའི་ཀ་པཱ་ལ་བསྣམས་ཡོད། སྐུ་ལ་མི་མགོ་སྐམ་པོའི་དབུ་རྒྱན་དང་། ཟླ་བ་དང་རྨ་བྱའི་གདུགས། ཕྱག་རྒྱ་ལྔ་དང་དུག་སྦྲུལ་དང་སྟག་ལྤགས་སོགས་ཀྱིས་བརྒྱན་པ། སྟན་དུ་མི་ལྤགས་བྱས་ཤིང་མི་མགོ་ཐུར་དུ་འཕྱང་བ་སྔ་ཤ་ལ་ནད་ཀྱི་རྐྱལ་པ་དང༌། ཕྱི་ཤ་ལ་མཚོན་གྱི་གྲུ་གུ་དང་བཙན་གྱི་ཤོ་རྡེལ་དཀར་ནག་བཏགས་པའོ།།

གཟུངས་སྔགས། བྷྱོཿརཀྨོ།བྷྱོཿརཀྨོོ།བྷྱོཿབྷྱོཿརཀྨོ།ཐུན་བྷྱོཿཁ་ལ་རག་ཆེན་མོ།རཀྨོ་ཨ་བྱ་ཊ་བྱ་ཐུན་བྷྱོཿརུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ།

༄༅།། བསྟན་མ་བཅུ་གཉིས།

བསྟན་མ་བཅུ་གཉིས་ནི་བོད་ཀྱི་ནང་པའི་ཆོས་ཀྱི་བསྟན་པ་སྲུང་བར་བྱེད་མཁན་གྱི་སྲུང་མ་བཅུ་གཉིས་པོ་ཡིན་ཞིང༌། དེ་དག་གི་གནས་ཡུལ་རི་དང་ཆུ་ལ་སོགས་པར་ཞིང་དེའི་ཁྲོད་དུ་ཞི་དྲག་གཉིས་ཀ་ཡོད་པས་དེ་དག་ལ་བོད་སྐྱོང་བསྟན་མ་བཅུ་གཉིས་ཟེར། ཐང་གའི་ཐོད་ཆར་ཨོ་རྒྱན་པདྨ་འབྱུང་གནས་དང༌། རྒྱལ་དབང་ལྔ་པ་དང་བདུན་པ་བཅས་ཡོད།

༄༅།། ལྷ་མོ་ཙུནྡེ།

ལྷ་མོ་ཙུནྡེ་ནི་རྒྱུད་ཀྱི་ཐུགས་རྗེ་ཆེན་པོའི་རྣམ་པ་ཡིན་ཞིང༌། སྐུ་མདོག་སེར་སྐྱ་ཡིན་ལ་སྤྱན་གསུམ་ཕྱག་བཅོ་བརྒྱད་དང་ལྡན། ཞབས་ཟུང་སྐྱིལ་མོ་ཀྲུང་གིས་པད་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས། དེ་ཡང་སྤྱན་གསུམ་གྱིས་སངས་རྒྱས་ཀྱི་སྤྱན་དང་ཆོས་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན་མཚོན་ལ་བསླབས་པ་གསུམ་ཡང་མཚོན་པ་དང༌། ཕྱག་བཅོ་བརྒྱད་ཀྱིས་ཐུན་མོང་མིན་པའི་ཆོས་བཅོ་བརྒྱད་མཚོན། ལྷ་མོ་འདི་འཇར་པན་དང་རྒྱ་ནག་ཏུ་དར་བའི་གསང་སྔགས་པས་ལྷག་པར་གཙིགས་སུ་འཛིན་པ་དག་གིས་ཡི་དམ་གཙོ་བོ་ཡིན།

འདི་ཉིད་ཀྱི་བྱིན་རླབས་བསམ་གྱིས་མི་ཁྱབ་ཅིང་སྒྲུབ་པ་པོ་ལ་གནོད་པའི་གདོན་བགེགས་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པ་ཡིན་གསུངས། གཞན་ཙུནྡེ་མེ་ལོང་སྟེ་འདི་ཉིད་ཀྱི་གཟུངས་མེ་ལོང་ངོས་སུ་བྲིས་པས་དུས་དང་ཕྱོགས་ཀུན་ལས་འབྱུང་བའི་བར་ཆད་བཟློག་ཐུབ།

གསུངས་སྔགས། ཨོཾ་ཙ་ལེ་ཙུ་ལཻ་ཙུནྡེ་སྭཱ་ཧཱ།

༄༅།། ཚེ་རིང་མཆེད་ལྔ།

ལྷ་མོ་བཀྲ་ཤིས་ཚེ་རིང་མ་དང༌། མཐིང་གི་ཞལ་བཟང་མ། མི་གཡོ་བློ་བཟང་མ། ཅོད་པན་མགྲིན་བཟང་མ། གཏད་དཀར་འགྲོ་བཟང་མ་བཅས་ལྔ་སྟེ། སློབ་དཔོན་པད་མ་འབྱུང་གནས་ཀྱི་ཡེ་ཤེས་མཁའ་འགྲོ་ལྔ་དང་རྣལ་འབྱོར་མི་ལ་རས་པའི་གསང་བའི་མཁའ་འགྲོ་ཡིན་པར་གསུངས། ཞལ་ཐང་གི་དཀྱིལ་དབུས་སུ་བཞུགས་པ་ནི་བཀྲ་ཤིས་ཚེ་རིང་མ་ཡིན་པ་ཕྱག་གཡས་པར་རྡོ་རྗེ་དང་གཡོན་པར་བུམ་པ་བསྣམས་ཤིང་བཅིབས་པ་གངས་སེང་ཡིན། གཡས་ཀྱི་མདུན་མ་ནི་ཤར་མཐིང་གི་ཞལ་བཟང་མ་ཡིན། ཕྱག་གཡས་པར་མེ་ལོང་དང་གཡོན་པར་དར་ཚོན་བསྣམས་ཤིང་བཅིབས་པ་རྐང་ཁྲ་ཡིན། དེའི་ཕྱི་མ་ནི་ལྷོ་མི་གཡོ་བློ་བཟང་མ་ཡིན། ཕྱག་ཏུ་ཀ་ཏོ་ར་བསྣམས་ཤིང་བཅིབས་པ་སྟག་མོ་ཡིན། གཡོན་གྱི་ཕྱི་མ་ནི་ནུབ་ཅོད་པན་མགྲིན་བཟང་མ་ཡིན༌། ཕྱག་གཡས་པར་རིན་ཆེན་སྒྲོམ་བུ་དང་གཡོན་པར་ནོར་བུ་བསྣམས་ཤིང་བཅིབས་པ་དྲེལ་དཀར་ཡིན། དེའི་མདུན་ནི་བྱང་གཏད་འགྲོ་བཟང་མ་ཡིན། ཕྱག་གཡས་པར་སྙེ་མ་དང་གཡོན་པར་སྤལ་བ་བསྣམས་ཤིང་བཅིབས་པ་གཡུ་འབྲུག་ཡིན།

ལྷ་མོ་འདི་ལྔས་རིམ་ནད་སེལ་བ་དང་འཇིག་རྟེན་གྱི་ཚེ་དཔལ་དང༌། ས་ཞིང༌། རིན་པོ་ཆེ། འབྲོག་ཕྱུགས་བཅས་དབང་དུ་འདུ་ཟེར་ལ། འདི་ལྔ་གསང་སྔགས་ཀྱི་ཡི་དམ་ལྷ་མོའང་ཡིན།