འདི་ནས་སེམས་ཚོར་དྲག་པོ་དང་ངང་རྒྱུད་རིང་པོས་བོད་གི་དྲ་རྒྱ་ཇུས་འགོད་ཞུ་བཞིན་པ་ཡིན།

བོད་ཀྱི་གླེགས་བམ།
ལས་རིམ།འཆར་འགོད།

རྗེ་བཙུན་སྒྲོལ་མ་ལྗང་གུ

ལྷ་མོ་འདི་བསྒྲུབས་ན་སྡིག་སྒྲིབ་ཐམས་ཅད་འདག་ཅིང༌། གདོན་བགེགས་ཐམས་ཅད་བཟློག་པ་དང༌། འཇིགས་པ་ཐམས་ཅད་ལས་སྒྲོལ་བ། མ་ཟད་བུ་ཚ་དང༌། འབྱོར་བ། ཚེ་དཔལ་སོགས་མྱུར་དུ་རྩོལ་བ་བཅས་ཕན་ཡོན་དཔག་ཏུ་མེད་པ་ཡོད་གསུངས།

༄༅། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་ཅིང་། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །

གཟུངས་སྔགས། ༀ་ཏཱ་རེ་ཏུཏ་རེ་ཏུ་རེ་སྭཱཧཱ།

ལྷ་མོའི་དག་ཞིང་། སྐུ་བརྙན་པར་མཛོད་དང་སྐུ་བརྙན་འགྲེལ་བ།

this page is under construction

༄༅།། འཇམ་དཔལ་དབྱངས།

འཇམ་དཔལ་དབྱངས་ནི་ངོ་བོ་རྒྱལ་བ་ཀུན་གྱི་མཁྱེན་རབ་སེམས་དཔའི་ཚུལ་འཆང་ཞིང་སྐྱེ་འཆི་བགྲེས་རྒུད་དང་བྲལ་བས་རྟག་ཏུ་བཅུ་དྲུག་ལོན་པའི་ན་ཚོད་ལྟར་བཞུགས་ཡོད། ཡུམ་ལྷ་མོ་དབྱངས་ཅན་མའོ།།

འཇམ་པའི་དབྱངས་ལ་སྐུའི་རྣམ་པ་མི་འདྲ་བ་མང་ཡང་ཁྱབ་ཆེ་ཤས་ནི་ཞལ་གཅིག་ཕྱག་གཉིས་ཅན་ཡིན། ཕྱག་གཡས་པར་ཤེས་རབ་ཀྱི་རལ་གྲི་བསྣམས་པ་དང༌། ཕྱག་གཡོན་པ་ཐུགས་ཀར་ཕྱག་རྒྱ་བཅས་པ་ལས་པད་མ་སྙན་ཐད་དུ་ཁ་བྱེ་བའི་འདབ་མའི་སྟེང་དུ་ཤེར་ཕྱིན་གྱི་གླེགས་བམ་ཡོད། འགའ་ཞིག་ཏུ་ཕྱག་ཟུང་ཐུགས་ཀར་ཕྱག་རྒྱ་བཅས་པར་རལ་གྲི་དང་། གླེགས་བམ་པད་འདབ་སྟེང་དུ་གནས་པའང་སྣང༌། སྤྱིར་བཏང་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་མང་ལ་བཅིབས་པ་སེང་གེའི་སྟེང་དུ་བཞུགས་པའང་ཡོད། གདན་ས་རྒྱ་ནག་རི་བོ་རྩེ་ལྔ་ཡིན། ལྷ་འདི་བསྒྲུབས་ན་ཆོས་ཐམས་ཅད་ལ་ཆགས་ཐོགས་བྲལ་བའི་གཟུངས་དང་སྤོབས་པ་ཐོབ། སྨྲ་བའི་དབང་ཕྱུག་འགྱུར་བར་གསུངས་སོ།།

འཇམ་དབྱངས་རིགས་ལྔ་ནི། འཇམ་དབྱངས་རིགས་ལྔ་ནི་འཇམ་དབྱངས་ཨ་ར་པ་ཙ་ན་དང༌། འཇམ་དབྱངས་དཀར་པོ། འཇམ་དབྱངས་དམར་སེར། འཇམ་དབྱངས་ཕྱག་བཞི་བ། འཇམ་དབྱངས་ནག་པོ་བཅས་སོ།

གཟུངས་སྔགས། ༀ་ཨ་ར་པ་ཙ་ན་དྷཱིཿ 

༄༅།། གཙུག་ཏོར་རྣམ་རྒྱལ་མ།

ཚེ་ལྷ་རྣམ་གསུམ་གྱི་ནང་གསེས་རྣམ་རྒྱལ་མ་ནི་བྱང་ཆུབ་སེམས་མ་ཞིག་ཡིན་ཞིང༌། ཞལ་གསུམ་དང་ཕྱག་བརྒྱད་ཡོད། རྩ་ཞལ་དང་ཕྱག་བརྒྱད་དྲི་མེད་དཀར་པོ་ཡིན་པས་སྡུག་བསྔལ་ཞི་བ་མཚོན། གཡོན་ཞལ་སེར་པོས་ཚེ་དང་དགེ་བ་སྐྱོང་བ་མཚོན་ཞིང་གཡས་ཞལ་སྔོན་པོས་གདོན་བགེགས་འདུལ་བ་མཚོན། ཕྱག་བརྒྱད་པོའི་ནང་དུ་རྡོ་རྗེ་དང་། ཞགས་པ། མདའ་གཞུ། བུམ་པ་སོགས་ཡོད།

རྣམ་རྒྱལ་མ་ནི་འགྲོ་བའི་སྡུག་བསྔལ་སེལ་བའི་སེམས་མ་ཞིག་ཡིན་ལ། འདི་ཉིད་བསྒྲུབ་ན་ཚེ་རིང་པོར་ཐུབ་ཅིང་བསོད་ནམས་འཕེལ་བ་དང་།  སྡིག་སྒྲིབ་འདག་ཅིང་བར་ཆད་བཟློག་ཐུབ་པར་གསུངས།།

རྣམ་རྒྱལ་མའི་གཟུངས་བཞུགས་སོ། ། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ།

ཨོཾ་བྷྲུཾ་སྭཱཧཱ། ཨོཾ་ཨམྲིཏ་ཨཱ་ཡུ་རྡ་དེ་སྭཱཧཱ།

༄༅།། ཚེ་ལྷ་རྣམ་གསུམ།

རྒྱལ་བ་ཚེ་དཔག་མེད་དང་སྒྲོལ་དཀར་དང་རྣམ་རྒྱལ་མ་གསུམ་ལ་ཚེ་ལྷ་རྣམ་གསུམ་དུ་གྲགས། ཞལ་ཐང་འདིའི་གཙོ་སྐུ་ནི་རྒྱལ་བ་ཚེ་དཔག་མེད་དེ། འདི་ཉིད་ལ་ཞལ་གཅིག་ཕྱག་གཉིས། སྐུ་མདོག་དམར་པོ། སྐུ་ལ་ལོངས་སྐུའི་རྒྱན་གྱིས་བརྒྱན་ཅིང༌། ཕྱག་ཟུང་མཉམ་བཞག་གི་ཕྱག་རྒྱ་བཅས་པའི་སྟེང་དུ་ཚེ་བུམ་བསྣམས་པ་དང༌། སྐྱིལ་མོ་ཀྲུང་གིས་པད་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས། མཐའ་བཞིར་ཞི་རྒྱས་དབང་དྲག་ལས་བཞིའི་མཁའ་འགྲོ་ཚོགས་ཀྱིས་བསྐོར་ཡོད།

ཚེ་ལྷ་རྣམ་གསུམ་གྱི་གཟུངས་བཟླས་ན་ཚེའི་དངོས་གྲུབ་ཐོབ་ཅིང་བསོད་ནམས་དང་ཡེ་ཤེས་འཕེལ་བར་གསུངས།

༄༅། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །

གཟུངས་སྔགས་བསྡུས་པ། ༀ་ཨ་མཱ་ར་ཎི་ཛཱི་ཝནྟཱི་ཡེ་སྭཱ་ཧཱ།

༄༅།། སྒྲོལ་མ་དཀར་མོ།

དུས་མ་ཡིན་པའི་འཆི་བའི་འཇིག་པ་ལས་སྐྱོབ་པའི་ལྷ་མོ་སྒྲོལ་མ་ནི་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་བདག་ཉིད་ཞིང༌། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་མ་ནི་སངས་རྒྱས་འོད་དཔག་མེད་ཀྱི་སྤྱན་གཡོན་མའི་སྤྲུལ་བ་ཡིན་པར་གསུངས། དབུ་ལ་རིགས་ལྔ་ཅོད་པན་མནབས་ཤིང༌། ཕྱག་གཡོན་པའི་མཐེ་སྲིན་གྱི་བར་ན་ཨུཏཔལ་གྱི་སྡོང་བུ་ཡལ་ག་གསུམ་དུ་གྱེས་པ་འཛིན་ཞིང་ཕྱག་མཛུབ་གཞན་གྱེན་དུ་བསྒྲེངས་པས་དཀོན་མཆོག་གསུམ་མཚོན། ཞལ་ན་སྤྱན་གསུམ་དང་ཕྱག་དང་ཞབས་ཀྱི་མཐིལ་ན་སྤྱན་རེ་རེ་བཅས་ཡེ་ཤེས་ཀྱི་སྤྱན་བདུན་ཡོད། པད་ཟླའི་གདན་ལ་སེམས་མའི་སྐྱིལ་ཀྲུང་གི་བཞུགས་ཤིང་ཟླ་བའི་རྒྱབ་ཡོལ་མངའ་བའོ། འདི་ཉིད་བསྒྲུབས་ན་ཚེ་རིང་ཐུབ་ཅིང་ཤེས་རབ་སྐྱེད་ལ་སྡིག་སྒྲིབ་འདག་པ་དང༌། ནད་གེགས་སོགས་བར་ཆད་ཐམས་ཅད་བཟློག་ཐུབ། གསོལ་བ་གང་ཞིག་བཏབ་ན་མི་འགྲུབ་པ་མེད་དོ།།

༄༅། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟུ་ར་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །

གཟུངས་སྔགས། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུ་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཡུ་སྭཱཧཱ།

 

༄༅།། སྒྲོལ་ལྗང༌།

རྗེ་བཙུན་སྒྲོལ་མ་ལྗང་གུ་སྟེ་ཐུགས་རྗེ་ཆེན་པོའི་སྤྲུལ་བ་ཡིན་པར་གྲགས། དེ་ཡང་སྔོན་གྱི་ཚེ་སྤྱན་རས་གཟིགས་དབང་ཕྱུག་དེ་ཉིད་ཡུལ་ཁ་བ་ཅན་དུ་བྱོན། ངན་སོང་དུ་འགྲོ་བ་ཀུན་གྱིས་རང་བྱས་ལས་ཀྱི་འབྲས་བུ་སྡུག་བསྔལ་མི་བཟོད་པ་མྱོང་བར་གཟིགས་པས། ཐུགས་རྗེའི་ཤུགས་དྲག་ཏུ་གཡོས་ནས་སྤྱན་ཟུང་ལས་སྤྱན་ཆབ་ཐིགས་པ་རེ་རེ་ལྷགས་པས་གཅིག་ཇོ་མོ་ཁྲོ་གཉེར་ཅན་དང༌། གཅིག་སྒྲོལ་མར་གྱུར། གཞན་དུ་སྔོན་བསྐལ་པ་བདུན་པའི་དུས་ཤིག་ན་རྗེ་བཙུན་སྒྲོལ་མས་ཞིང་ཁམས་མི་གཡོ་བ་ཞེས་པར་ཆོས་སྟོན་པའི་ཚེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འདུས་ནས་དབང་བསྐུར་ཅིང་སྒྲོལ་མ་ཉིད་རྒྱལ་བ་ཀུན་གྱི་སྐྱེད་ཡུམ་ལ་བསྔགས་ཤིང་ཤིས་པ་བརྗོད་ཅེས་གསུངས།

ལྷ་མོ་འདི་བསྒྲུབས་ན་སྡིག་སྒྲིབ་ཐམས་ཅད་འདག་ཅིང༌། གདོན་བགེགས་ཐམས་ཅད་བཟློག་པ་དང༌། འཇིགས་པ་ཐམས་ཅད་ལས་སྒྲོལ་བ། མ་ཟད་བུ་ཚ་དང༌། འབྱོར་བ། ཚེ་དཔལ་སོགས་མྱུར་དུ་རྩོལ་བ་བཅས་ཕན་ཡོན་དཔག་ཏུ་མེད་པ་ཡོད་གསུངས།

༄༅། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་ཅིང་། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །

གཟུངས་སྔགས། ༀ་ཏཱ་རེ་ཏུཏ་རེ་ཏུ་རེ་སྭཱཧཱ།

 

༄༅།། སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྟོད་པ་མཁས་པའི་གཙུག་རྒྱན་ནམ་ལེགས་བྲིས་མ་བཞུགས་སོ།།

འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ལེགས་བྲིས་དཔལ་གྱི་བདག་པོ་གསེར་གྱི་མངལ། །ལྷ་ཡི་བླ་མ་གླང་གདོང་དཔལ་གྱི་མགྲིན། །པདྨོའི་གཉེན་སོགས་ལྷ་བརྒྱའི་གཙུག་རྒྱན་གྱིས། །ཞབས་པད་གུས་མཆོད་སྒྲོལ་མའི་ཞབས་ལ་འདུད། །ཐུགས་རྗེ་ཆེན་པོའི་ཐུགས་རྗེའི་རྣམ་འཕྲུལ་གྱིས། །དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པ་རྣམས། །རབ་མཛེས་འཕྲིན་ལས་ལྷ་མོའི་སྐུར་བསྟན་ནས། །ཕོངས་པ་ཀུན་སྐྱོབ་སྒྲོལ་མའི་ཞབས་ལ་འདུད། །དབྱིངས་རིག་རྣམ་དག་པདྨའི་གདན་སྟེང་ན། །མ་རྒད་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། །ལང་ཚོ་རབ་རྒྱས་གཡས་བརྐྱངས་གཡོན་བསྐུམས་ཞབས། །ཐབས་ཤེས་ཟུང་འབྲེལ་མ་ལ་ཕྱག་འཚལ་ལོ། །

རྗེ་བཙུན་བཅོམ་ལྡན་འདས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ་མཁས་པའི་གཙུག་རྒྱན་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་ཡུན་རིང་དུ་གསོལ་བ་བཏབ་སྟེ། བྱང་ཆུབ་ཆེན་པོའི་དབེན་གནས་ཐེག་ཆེན་ཕོ་བྲང་དུ་ལེགས་པར་སྦྱར་བའོ།། །།

༄༅།། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་གང་བློ་མ་བཞུགས་སོ།།

བླ་མ་དང་མགོན་པོ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རྭར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་དགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད།།  

ཨོཾ་ཨ་ར་པ་ཙ་ན་དྷིཿ  

བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་གསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ། །

ཐོས་བསམ་སྒོམ་པའི་ཤེས་རབ་འཕེལ་དུ་གསོལ། །འཆད་རྩོད་རྩོམ་པའི་བློ་གྲོས་རྒྱས་སུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །