སློབ་དཔོན་ལེགས་ལྡན་འབྱེད།

༄༅།། སློབ་དཔོན་ལེགས་ལྡན་འབྱེད་ནི།

ལྷོ་ཕྱོགས་མ་ལྱ་རར་རྒྱལ་རིགས་མཆོག་ཏུ་སྐྱེ་བ་བཞེས། ཡུལ་དེ་ཉིད་དུ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་མཁས་པར་བྱས། ཡུལ་དབུས་སུ་བྱོན་ནས་སློབ་དཔོན་དགེ་འདུན་སྲུང་བའི་དྲུང་ནས་ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་དང་ཀླུ་སྒྲུབ་ཀྱི་མན་ངག་རྣམས་གསན། སླར་ཡང་ལྷོ་ཕྱོགས་སུ་ཕེབས་ནས་ཕྱག་ན་རྡོ་རྗེའི་ཞལ་མཐོང་བར་མཛད་དེ། ཏིང་ངེ་འཛིན་ཁྱད་པར་ཅན་ཡང་བསྒྲུབས། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་ལྔ་བཅུ་ཙམ་གྱི་བདག་པོ་མཛད་དེ་ཆོས་མང་དུ་བསྟན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བསྟན་བཅོས་རྣམས་ལ་ཞིབ་ཏུ་གཟིགས་ཤིང་། དབུ་མ་རྩ་བའི་གཞུང་ལ་སློབ་དཔོན་སྔ་མའི་བཞེད་པ་རྣམས་སུན་ཕྱུངས་ཏེ། སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་ཀླུ་སྒྲུབ་ཀྱི་ལྟ་བའི་བཞེད་པ་དང་མཐུན་པར་བསྒྲུབས།།

མཐར་སློབ་དཔོན་ལེན་ལྡན་གྱིས་རིལ་བུའི་དངོས་གྲུབ་ཀྱང་རྣམ་པ་སྨིན་པའི་སྐུ་ལུས་བོར་ཏེ་རིགས་སྔགས་འཆང་གི་གནས་སུ་གཤེགས། སློབ་དཔོན་ལེགས་ལྡན་གྱི་རྗེས་སུ་འབྲངས་པའི་སློབ་མ་ཤིན་ཏུ་མང་བས་སློབ་དཔོན་ཀླུ་སྒྲུབ་དང་སངས་རྒྱས་བསྐྱངས་ནས་བརྒྱུད་པའི་ལུགས་མཆོག་དེ་ཉིད་ཤིན་ཏུ་དར་བར་གྱུར་ཏོ། །

­༄༅།། བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང་༎ ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི༎ གྲུབ་མཐའ་སྲོལ་བཏོད་ཡོངས་རྫོགས་པཎྜིཏ༎ སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས༎