མཁན་ཆེན་ཞི་བ་འཚོ།

༄༅ ། །མཁན་ཆེན་བོ་དྷི་ས་ཏྭའམ་མཁན་ཆེན་ཞི་བ་འཚོ་ནི།

རྒྱ་གར་གྱི་མཁས་པ་རྩེར་སོན་ཏེ། སློབ་དཔོན་སེང་གེ་བཟང་པོའི་བླ་མ་རྣམ་སྣང་མཛད་བཟང་པོ་ཞེས་བྱ་བ་དེ་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྦ་གསལ་སྣང་མངགས་ཏེ་མཁན་ཆེན་གདན་འདྲེན་དུ་བཏང་བ་མང་ཡུལ་དུ་མཇལ་ཏེ་སྤྱན་དྲངས། མཁན་ཆེན་གྱིས་སྦ་གསལ་སྣང་ལ་བཙན་པོ་དང་། ཁྱོད། ང་གསུམ་འོད་སྲུངས་ཀྱི་བསྟན་པ་ལ་བྱ་རྫི་མའི་བུ་གསུམ་དུ་སྐྱེས་ཏེ་བོད་དུ་བསྟན་པ་སྤེལ་བར་སྨོན་ལམ་བཏབ་ཡོད། བཙན་པོའང་མ་སྐྱེས། ཁྱོད་ཀྱང་ན་ཆུང་བས་ངས་འདིར་རྒྱལ་རབས་དགུའི་བར་དུ་བསྒྲུགས་ནས་བསྡད་གསུངས་ཏེ་ཕེབས། ཕོ་བྲང་རླུང་ཚུབས་སུ་ཁ་ཆེ་ཨ་ནན་ཏས་ལོ་ཙཱ་བྱས་ཏེ་ཆོས་གསུངས་པར་བདུད་བློན་རྣམས་ཀྱིས་ངན་བྱས་ཏེ་རེ་ཞིག་བལ་བོར་ཕེབས། རྒྱལ་པོས་རྗེས་སོར་ཕྱིར་གདན་དྲངས་ཏེ་ཆོས་གཞི་འཛུགས་པར་ཞུས་པ་ན་ཉམས་སད་ཕྱིར་སད་མི་བདུན་རབ་ཏུ་བྱུང་ཞིང་བཙུན་པའི་སྡེ་འཕེལ་བ་ལ་གདན་ས་མཛད་དེ་བཞུགས། མདོར་ན་བོད་དུ་ལྟ་སྤྱོད་རྣམ་པར་དག་པའི་བསྟན་པ་ཞིག་བྱོན་པ་མཁན་པོ་འདི་ཉིད་ཀྱི་བཀའ་དྲིན་ཡིན། དེ་ཕྱིར།

འདུལ་འཛིན་བསྟན་པའི་ཆུ་མགོ་ཞི་བ་འཚོ། །སངས་རྒྱས་གཉིས་པར་རྩོད་མེད་ཨོ་རྒྱན་རྗེ། །རྒྱལ་བསྟན་མགྲོན་པོར་འབོད་པ་ལྷའི་མེ་ཏོག །བསྟན་པ་རྒྱ་མཚོའི་རྩ་ལག་གསུམ་ལ་འདུད། །ཅེས་པ་ལྟར་རོ། །

༄༅། །གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །

 


ཤོས་ངོས་འདིའི་དཔྱད་གཞིའི་ཡིག་ཆ་ཁག་ཅིག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།
འཇིགས་མེད་ཆོས་ཀྱི་རྡོ་རྗེ་ལགས་ཀྱིས་རྩོམ་སྒྲིག་བྱས་པ་ལས་ཟུར་འདོན་བྱས།