སོ་རུ་དར་རྒྱས་ནས།

མར་པ་ཆོས་ཀྱི་བློ་གྲོས།

མཉམ་མེད་སྒྲུབ་བརྒྱུད་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་བྱུང་བ་ནི། ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། ཟབ་པ་དང་རྒྱ་ཆེ་བའི་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གདམས་ངག་སྙིང་པོར་དྲིལ་ནས་བླ་མའི་མན་ངག་བཞིན་དུ་ཐོས་བསམ་སྒོམ་པའི་རིམ་པས་ཚུལ་བཞིན་རྒྱུད་ལ་སྦྱོར་ཞིང༌། ཁྱད་པར་བརྗོད་བྲལ་ཕྱག་རྒྱ་ཆེན་པོའི་ལྟ་བ་མཐར་ཐུག་པ་བླ་མའི་མོས་གུས་དང༌། བྱིན་རླབས་ཀྱི་བདག་རྐྱེན་ཐུན་མིན་ལ་བརྟེན་ནས། ཚིག་དང་ཉམས་ཡུལ་ཙམ་དུ་མ་ལུས་པར། རྟོགས་པའི་ཡེ་ཤེས་ཁོང་ནས་ཤར་ཏེ་གཟུང་འཛིན་གྱི་སྨག་རང་གྲོལ་དུ་སོང་བས་གྲུབ་པའི་ཕྲེང་བ་ཟམ་མ་ཆད་པར་བྱོན་པའི་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་སྟེ། བོད་ཕྱི་འགྱུར་ལོ་ཙཱ་ཀུན་གྱི་རྩེ་མོར་ཐོན་པ། མར་པ་ཆོས་ཀྱི་བློ་གྲོས་དེ་ཉིད་འཕགས་ཡུལ་དུ་གསུམ་དང༌། བལ་པོར་ཐེངས་བཞིར་ཕེབས་ཏེ། དཀའ་བ་དུ་མ་ཁྱད་དུ་བསད་ནས་རྒྱལ་བ་རྡོ་རྗེ་འཆང་གི་དགོངས་བཅུད། གསང་ཆེན་རྒྱུད་སྡེ་རབ་འབྱམས། བཀའ་བབ་བཞིའི་བླ་མ་བརྒྱུད་པ་ལས་བྱུང་བའི་གདམས་མཛོད་ཀྱི་མངའ་བདག་པཎ་ཆེན་ནཱ་རོ་པ་དང༌། རྒྱལ་བ་མཻ་ཏྲི་པ་གཙོ་བོར་གྱུར་པའི་མཁས་གྲུབ་ཀྱི་བླ་མ་བརྒྱ་རྩ་བརྒྱད་བསྟེན་ནས། དེ་དག་གི་གདམས་ངག་ཆོས་ཀྱི་བདུད་རྩི་ལྷག་མ་མེད་པར་བཞེས་ཤིང༌། རྟོགས་པའི་ཡེ་ཤེས་མཐར་ཕྱིན་པ་ཐུགས་རྒྱུད་ལ་འཁྲུངས། ནཱ་རོ་མི་ཏྲའི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར། ཁ་བ་ཅན་ཡུལ་གྱི་མཆོག་ཏུ་བསྔགས་པ་བཞིན་བོད་ཡུལ་དུ་སྣོད་ལྡན་གྱི་སློབ་མ་མང་པོ་སྨིན་གྲོལ་དུ་མཛད་པ་ལས། ཐུགས་སྲས་ཐུ་བོ་ཀ་ཆེན་བཞིར་གྲགས་པའི། རྔོག་སྟོན་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་ངེ༌། མེས་སྟོན་ཚོན་པོ་གསུམ་ལ་གཙོ་བོར་བཤད་རྒྱུད་ཀྱི་བཀའ་བབ་པས། སློབ་བརྒྱུད་རིམ་བྱོན་དང་བཅས་པས་གསང་བདེ་དགྱེས་རྡོར་སོགས་ཀྱི་དབང་དང་རྒྱུད་བཤད་རྒྱ་ཆེར་སྤེལ།

ཀ་ཆེན་བཞི་པ་རྗེ་བཙུན་མི་ལ་རས་ཆེན་ནི་སྒྲུབ་པའི་བཀའ་བབ་མཆོག་ཏུ་གྱུར་ལ། སྐུ་ཚེ་དེར་དཀའ་སྤྱད་དང་བརྩོན་འགྲུས་སུས་ཀྱང་འགྲན་ཟླ་མེད་པའི་སྒོ་ནས་སྒྲུབ་པའི་རྒྱལ་མཚན་ཡུན་རིང་དུ་བཙུགས། སྤངས་རྟོགས་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་ཚེ་གཅིག་གིས་མངོན་དུ་མཛད། ཡ་མཚན་གྱི་གྲུབ་པའི་རོལ་རྩེད་བཅས་གདུལ་བྱ་མང་པོ་སྨིན་གྲོལ་དུ་མཛད་པ་ལས། ཐུགས་སྲས་གཙོ་བོ་སྙན་བརྒྱུད་འཛིན་པ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ། ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་གཉིས་ཡིན། རས་ཆུང་བའི་སློབ་མ་རྒྱལ་བ་ཁྱུང་ཚང་པ་ལ་སྙན་བརྒྱུད་ཀྱི་མཛོད་གཏད། ཆིག་བརྒྱུད་ཀྱི་བཀའ་རྒྱ་ཆོས་རྗེ་རྒྱ་རས་པ་ནས་བཀྲལ་ཞིང་དར་རྒྱས་སུ་གྱུར། འཕགས་ཡུལ་ནས་ཀྱང་གདམས་ཟབ་མང་དུ་བཞེས་པའི་རྒྱུན་གངས་ཅན་གྲུབ་མཐའ་ཕལ་མོ་ཆེའི་གསོས་སུ་བཞུགས་པ་དང༌། ཕྱིས་གཙང་སྨྱོན་ཧེ་རུ་ཀས་སྙན་བརྒྱུད་ཀྱི་བརྒྱུད་པ་དང༌། མཉམ་མེད་དྭགས་པོ་ལྷ་རྗེས། མར་མི་ལས་བྱུང་བའི་བཀའ་སྲོལ་སྤྱི་དང༌། ཁྱད་པར་མདོ་སྔགས་ཀྱི་ལྟ་བའི་གནས་ལ་ཕྱག་རྒྱ་ཆེན་པོའི་བརྡ་ཁྱད་ཀྱིས་མཚོན་ཏེ་གདུལ་བྱ་མཆོག་དམན་སོ་སོའི་མོས་པ་དང་འཚམས་པར་འཁྲིད་པའི་བཀའ་སྲོལ་ཡངས་པོར་ཕྱེས་ཏེ། སྒམ་པོའི་གྲུབ་ཆེན་བརྒྱད་རྒྱ་སོགས་བུ་སློབ་བཟང་ལ་མང་བར་འཕེལ་བས། དྭགས་པོ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་ཤིང༌། འབའ་རོམ་དར་མ་དབང་ཕྱུག་ལས་འབའ་རོམ་བཀའ་བརྒྱུད། ཀརྨ་པ་དུས་གསུམ་མཁྱེན་པ་ལས་ཀརྨ་བཀའ་བརྒྱུད། ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་ཕག་གྲུ་བཀའ་བརྒྱུད། ཞང་ཚལ་བ་འགྲོ་བའི་མགོན་པོ་ལས་ཚལ་པ་བཀའ་བརྒྱུད་དེ། བཀའ་བརྒྱུད་ཆེ་བཞི་དང༌། དབོན་སྒོམ་ཚུལ་ཁྲིམས་སྙིང་པོ་ལས་དྭགས་པོ་རྩ་བའི་གདན་བརྒྱུད་དེ་ལྔར་གྱིས། ཕག་གྲུ་བཀའ་བརྒྱུད་ལ་ནང་གསེས། སྐྱོབ་པ་འཇིག་རྟེན་གསུམ་མགོན་ལས་འབྲི་གུང་བཀའ་བརྒྱུད། སྟག་ལུང་ཐང་པ་རིན་པོ་ཆེ་ལས་སྟག་ལུང་བཀའ་བརྒྱུད། རྒྱལ་ཚ་དང་ཀུན་ལྡན་གཙང་པ་སྐུ་མཆེད་ལས་ཁྲོ་ཕུ་བཀའ་བརྒྱུད། གྲུབ་ཐོབ་གླིང་རས་པདྨ་རྡོ་རྗེ་ལས་གླིང་རས་བཀའ་བརྒྱུད། ཡེལ་བ་ཡེ་ཤེས་བརྩེགས་པ་ལས་ཡེལ་པ་བཀའ་བརྒྱུད། ཟ་ར་བ་སྐལ་ལྡན་ཡེ་ཤེས་སེངྒེ་ལས་གཡའ་བཟང་བཀའ་བརྒྱུད། གྱེར་སྒོམ་ཆོས་ཀྱི་སེངྒེ་ལས་ཤུག་གསེབ་བཀའ་བརྒྱུད་དེ་ཟུང་བཞི་ཡ་བརྒྱད་དུ་གྲགས་པའི་གདམས་བརྒྱུད་རྒྱ་ཆེར་འཕེལ་ཡང་དུས་ཕྱིས་བསྟན་རྒྱུན་མ་ཉམས་པར་བཞུགས་པ་ནི། ཀམ་ཚང༌། འབྲི་སྟག་འབྲུག་པ་བཞིར་ངེས་ལ། ཀམ་ཚང་ལའང༌། མཚུར་ཕུ་དང༌། དཔལ་སྤུངས་ཏེ་རྩ་བའི་གདན་ས་ཆེན་པོ་གཉིས་ཡན་ལག་དང་བཅས་པ་ཀརྨ་བཀའ་བརྒྱུད་དངོས་དང༌། དེ་ལས་ཁྱད་པར་ཅུང་ཟད་ཀྱིས་ཕྱེ་བ། ཟུར་མང་བཀའ་བརྒྱུད། གནས་མདོ་བཀའ་བརྒྱུད་དུ་གྲགས་པ་སོགས་རྒྱ་བོད་ཀྱི་ལྗོངས་ཁྱབ་པར་བཞུགས་པ་དང༌། འབྲི་གུང་རྩ་བའི་གདན་ས་མཐིལ་དང༌། ཡང་རི་སྒར་སོགས་དབུས་བརྒྱུད་དང༌། ལྷོ་བརྒྱུད། གཏེར་བརྒྱུད་བཅས་ཀྱི་ཆོས་གཞིས་དགོན་གནས་གྲངས་མང་དུ་ཡོད། སྟག་ལུང་ལའང་ཡར་ཐང་མར་ཐང་གཉིས་ལས་གྱེས་པའི་སྟོད་སྨད་བརྒྱུད་པ་ལེ་ལག་བཅས་དང༌། གླིང་རས་བཀའ་བརྒྱུད་ལ། འགྲོ་མགོན་གཙང་པ་རྒྱ་རས་ནས་བཟུང་འབྲུག་པ་བཀའ་བརྒྱུད་དུ་མིང་འཕོས། དེའི་སློབ་བརྒྱུད་སྟོད་འབྲུག་གནམ་གྱི་སྐར་མ། སྨད་འབྲུག་སའི་དྲེག་པ། བར་འབྲུག་ཆུ་ཁའི་བྱེ་མ། གདན་ས་བརྒྱུད་པ་ལ་གདུགས་ཐོག་ཁོ་ན་ཉིས་སྟོང་ལྔ་བརྒྱ་ཞེས་མང་བའི་ཚད་དུ་གྲགས། མི་ཕྱེད་འབྲུག་པ་འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཅེས་འཇིག་རྟེན་གྱི་ཁ་གཏམ་དུ་གླེང༌། འབྲུག་པ་ཆོས་རྗེ་ངག་དབང་རྣམ་རྒྱལ་གྱིས་མོན་པ་ཚོ་བཞི་གྲུབ་རྟགས་ཀྱིས་བཏུལ་ནས་ཆོས་སྲིད་ཟུང་དུ་སྐྱོང་བ་ལ་ལྷོ་འབྲུག་པར་གྲགས་པ་སོགས་བརྒྱུད་སྲོལ་མང་དུ་གྱེས་ཤིང༌། ཆོས་གཞི་དགོན་གནས་ཀྱིས་རྒྱ་ཆེར་ཁྱབ་པས་མཚོན་ད་ལྟའི་བར་དུ་ཚད་མར་གྱུར་པའི་སྐྱེས་མཆོག་མཁས་གྲུབ་ཀྱི་རྣམ་ཐར་མཆོག་ཏུ་མངའ་བ་དག་བར་མ་ཆད་པར་བྱོན་ནས། བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་ལྷག་པར་བསྒྲུབས་ཏེ། བཤད་སྒྲུབ་ལས་གསུམ་གྱྀ་སྒོ་ནས་ཡུན་རིང་དུ་གསལ་བར་མཛད་པ་ལ་བརྟེན། ཆོས་གཞིས་དགོན་གནས་ཆེ་ཕྲ་སློབ་བརྒྱུད་དང་བཅས་བོད་ཙམ་དུ་མ་ཟད། རྒྱ་སོག བལ་འབྲས་སོགས་ཀྱི་ཁྱོན་ཀུན་ཏུ་རྒྱ་ཁྱབ་ཏུ་དར་བཞིན་པའོ།།

ཇོ་བོ་བཀའ་གདམས་པའི་བྱུང་བ་ནི།

ཇོ་བོ་བཀའ་གདམས་པ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་དབུ་བརྙེས། འབྲོམ་སྟོན་པས་སྲོལ་ཕྱེས་བོ་ཏོ་པ་སོགས་བཀའ་གདམས་སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད་པ་ཡིན་ལ། དེ་ཡང་བར་སྐབས་ཤིག་བོད་དུ་ཆོས་ལོག་དུ་མ་དར་བ་ལས། མངའ་རིས་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མ་བཟོད་པར་རྒྱ་བརྩོན་འགྲུས་སེངྒེ་སོགས་རྒྱ་གར་དུ་ཇོ་བོ་རྗེ་གདན་འདྲེན་པར་བཏང་ཡང་སྤྱན་མ་འདྲོང༌། དེ་ནས་ལྷ་བླ་མ་བྱང་ཆུབ་འོད་ཀྱི་དུས་སུ་ནག་ཚོ་ལོ་ཙཱ་བས་གདན་དྲངས་ཏེ་ཇོ་བོ་བོད་དུ་ལོ་བཅུ་བདུན་བཞུགས། བསྟན་བཅོས་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ཅིང༌། སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་ཆོས་དུ་མ་ཞིག་གསུངས། ཇོ་བོ་རྗེ་ལ་རྒྱ་གར་དང་བོད་གཉིས་ཀར་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་བའི་གཙོ་བོར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ནས་བཟུང་བཤེས་གཉེན་ཆེན་པོ་དུས་མས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་རང་ལུགས་སྒོ་ཀུན་ནས་གསལ་བར་མཛད་པ་ལ་བརྟེན་ནས་དར་ཞིང་རྒྱས་པར་གྱུར།