འདོད་ཡོན་སྣ་ལྔའི་མཚོན་དོན།

འདོད་ཡོན་རྣམ་ལྡ་ཐོག་མར་ཇི་ལྟར་དར་བའི་ཚུལ་ནི། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱུད་སྡེ་ཟབ་མོ་ཕྱི་ནང་གསང་བའི་མཆོད་པ་མང་པོ་གསུང་པའི་གྲས་ཤིག་ཡིན། དེའི་ནང་ནས་ཕྱིའི་མཆོད་རྫས་ཀྱི་གཙོ་བོར་གཟུགས་རྡོ་རྗེ་མ་ལ་སོགས་པ་མཆོད་ལྷའི་ཕྱག་མཚན་དུ་བཀོད་པས། སྔགས་ཆོག་དང༌། མདོ་ལུགས་ཀྱི་ཆོ་ག་རྣམས་སུ་ཡང་འདི་དག་གི་ཡོན་ཏན་དང་འབུལ་ཚིག་མཆོད་སྔགས་བཅས་རྒྱ་ཆེར་བཀའ་བསྩལ་བ་ལྟར། མཁས་གྲུབ་རྣམས་ཀྱི་མཛད་པའི་བསྟན་བཅོས་རྣམས་ལས་ཀྱང་མཆོད་རྫས་འདི་དག་གི་སྤྱི་འདུས་ཀྱི་མཚོན་དོན་དང༌། མཐོང་ཐོས་ཙམ་གྱིས་ཀྱང་སྡེ་བཞིའི་དཔལ་ཡོན་མཐའ་དག་ངང་གིས་འདུལ་ཞིང་འཕེལ་བ་སོགས་བསྔགས་བརྗོད་རྒྱ་ཆེར་འབྱུང་བ་ལ་བརྟེན་ནས་ཕྱིན་རླབས་ཆེ་ཞིང༌། རྟེན་འབྲེལ་ལེགས་པའི་རི་མོ་དེ་དག་གཙུག་ལག་ཁང་དང༌། ཀུན་དགའ་ར་བ། རྒྱལ་པོའི་ཕོ་བྲང༌། ཕྱུག་པོའི་མཛོད། སྐྱེ་བོ་ཕལ་བའི་ཁང་ཁྱིམ་གང་སར་ལྡེབས་རིས་སུ་འབྲི་བ་དང༌། དེ་བཞིན་ཐང་ག་དང༌། གཡང་སྒམ། གཡང་བུམ། ཕྱེ་མ་འབོ་ཡན་ཆད་ལ་འབྲི་སྲོལ་ཡོད་པ་མ་ཟད། གསེར་དངུལ་ལས་བརྡུང་བ་དང༌། དར་གོས་གྱི་འཚེམ་གྲུབ། མར་ཚོན་སོགས་རྒྱུ་ཆ་སྣ་ཚོགས་ལས་བཟོ་སྐྲུན་གྱིས་ཡུལ་ཕྱོགས་གནས་ཁང་བཀྲ་ཤིས་པར་བྱེད་པའི་རི་མོ་ཞིག་ཡིན།