གཡང་དྲུང་བོན་གྱི་གྲུབ་མཐའ་བྱུང་ཚུལ་བཤད་པ། 

སོ་རུ་དར་རྒྱས་ནས།

སྤྱིར་སྡེ་སྣོན་གསུམ་དར་བའི་སྔ་སྟས་སུ་བོན་སྒྲུང་ལྡེའུ་གསུམ་དར་བར་གྲགས་པས། མཚམས་འདིར་བོད་གངས་ཅན་གྱི་ལྗོངས་སུ་ཆོས་བརྒྱུད་གྲུབ་མཐའི་བྱུང་རིམ་སྨྲ་པ་ལས་གཡང་དྲུང་བོན་གྱི་བསྟན་པ་དར་སྔ་བའི་ཚུལ་མདོར་བསྡུས་ཙམ་བརྗོད་པར་བྱ་བ་ལ། བོན་གཞུང་ལས།  བསྐལ་པ་འདི་ལ་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་དུ། སྟོན་པ་གཙོ་མཆོག་ཀུན་བཟང་ནས་ཐང་མ་མེ་སྒྲོན་གྱི་བར་བཅོ་བརྒྱད་འབྱུང་ཟེར་བས། དེའི་ནང་ཚན་ཚེ་ལོ་བརྒྱ་པའི་དུས་སུ་འབྱུང་བར་བཤད་པའི་གཤེན་རབ་ནི་ད་ལྟའི་བོན་གྱི་སྟོན་པ་ཡིན་ལ། ཞེས་ཐུའུ་གྲུབ་ཏུ་གསུངས། བོན་གྱི་སྟོན་པ་རབས་དགུ་ཞེས་གྲགས་པའི་དུས་གསུམ་གྱི་སྟོན་པ་དགུ་ནི། དང་པོ། སྟོན་པ་སྣང་བ་རང་འབྱུང་ཐུགས་རྗེ་ཅན། དེ་ནས་རིམ་པ་བཞིན། སྟོན་པ་འཁོར་བ་ཀུན་འདྲེན། སྟོན་པ་ཉོན་མོངས་དུག་སྲེག སྟོན་པ་ཚད་མེད་ཐུགས་རྗེ་ཅན། སྟོན་པ་ཐམས་ཅད་མཁྱེན་གཟིགས། སྟོན་པ་ཀུན་ཤེས་ཐང་པོ། ས་སྟོང་དཔལ་འབྱོར། བརྒྱད་པ་ད་ལྟའི་བོན་གྱི་སྟོན་ཁྲི་གཙུག་རྒྱལ་བའམ་མི་བོ་ཆེ། དགུ་པ་མ་འོངས་པའི་སྟོན་པ་འཆི་མེད་བྱམས་ལྡན་བཅས་སོ།  དེ་དག་ལས་སྟོན་པ་གཤེན་རབ་མི་བོ་ཆེ་ནི། ཞང་ཞུང་གི་ཡུལ་འོལ་མོ་ལུང་རིང་དུ་ཡབ་དམུ་རིགས་རྒྱལ་བོན་ཐོད་དཀར་དང༌། ཡུམ་ཡོ་ཕྱི་རྒྱལ་བཞད་མའི་སྲས་སུ་མངོན་ཤེས་དང་རྫུལ་འཕྲུལ་ནས་པ་སོགས་ཀྱི་ཡོན་ཏན་ལྡན་པ་ཞིག་འཁྲུངས། དེས་ཆོས་ཕུང་སྒོ་བཞི་མཛོད་ལྔ་དང༌། ལུང་ཐེག་པ་རིམ་པ་དགུ་སོགས་འཁོར་རྣམས་ལ་བསྟན། བོད་དུ་དར་སྔ་བ་ནི་རྒྱུ་བོན་ཡིན་ལ། དེ་ནས་འབྲས་བུའི་བོན་རྣམས་དར། དེ་ནས་གཤེན་རབ་མི་བོ་ཆེ་འདས་རྗེས་ལོ་ཙ་བ་མཁས་པ་དྲུག་བྱུང་བ་སྟེ། སྟག་གཟིག་གི་དབུ་ཙ་ཏྲ་ཧེར་བེ་དང༌། ཞང་ཞུང་གི་ཁྲི་ཐོག་སྦ་ཚ། སུམ་པའི་གུ་ཧུ་ལི་སྦར་ལེགས། རྒྱ་གར་གྱི་ལྷ་བདག་སྔགས་དྲོ། རྒྱ་ནག་གི་ལིག་ཏང་སྨང་པོ། ཁྲོམ་གྱི་གསེར་ཐོག་ལྕེ་འབྱམས་བཅས་ཀྱིས་སྟོན་པའི་བཀའ་རྣམས་ཡུལ་ཉག་གི་མཁས་པ་ལྕེ་ཚ་གར་དགུ བུམ་པའི་མུ་སྤུངས་གསར་ཏང༌། ཞང་ཞུང་གི་མཁས་པ་ཤ་ར་བུ་སོགས་རྗེས་འཇུག་མང་དུ་བྱུང་བ་རྣམས་ཀྱིས་བོན་ཆོས་ཕྱོགས་སྔོན་ནས་ལྗོངས་འདིར་བོན་རང་བར་མངོན་ཏེ། བྱམས་མ་ལས། རྒྱལ་པོ་གཉའ་ཁྲི་བཙན་པོའི་རིང་ལ་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་དར་བ་སྟེ། མགོན་ཤེས་ལྷ་བོན་དང༌། གཡང་ཤེས་ཕྱ་བོན། འགྲོ་ཤེས་གླུད་བོན། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྟ་བོན། ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ་ ལྡིང་ཤེས་ཤ་བ། འཕུར་ཤེས་ཇུ་ཐིག་དེ་རྣམས་ནི་རྒྱུའི་བོན་བཞི་ཡིན་ཞིང༌། ཡར་ལྷ་གསོལ་ཞིང་མགོན་བྱེད་པ་དང༌། གཡང་ཚུར་བཀུག་སྟེ་ནོར་ལོངས་སྤྱོད་འཕེལ་བ། གླུད་ཕར་བཏང་ནས་འདྲི་ཚིམས་པར་བྱེད་པ༌། ཤི་བ་འདུར་བས་བདེ་བ་ཐོབ་པ། གཙང་སྨྲེ་ཕྱེ་བས་ལྷ་སྲུང་བསྐངས་པ། དགྲ་བགེགས་སྒྲོལ་བས་འཚེ་བ་སེལ་བ། ནད་གསོ་བས་ཚེའི་བར་ཆད་མེད་པར་གྱུར་པ། རྩིས་འདེབས་པས་སྔ་ཕྱིའི་ལམ་སྟོན་པ། མོ་འདེབས་པས་ལེགས་ཉེས་མངོན་ཤེས་གསལ་བ་སོགས་བྱས། སྐབས་དེར་བོན་གྱི་བསྟན་པ་རྒྱ་ཆེར་སྤེལ། དམུ་གཤེན་སྣང་བ་མདོག་ཅན་བོད་དུ་བྱོན་ནས་གསང་བ་སྔགས་ཀྱི་བསྟན་པ་བོད་དུ་སྤེལ་བར་བཤད། དེས་རྒྱལ་པོ་གཉའ་ཁྲི་བཙན་པོའི་མཆོད་གནས་སམ་སྐུ་བོན་མཛད། རྒྱལ་གཤེན་བསྟན་པ་མཉམ་གནས་ཞེས་བོན་པོ་རྣམས་དབང་ཆེ་རུ་གྱུར། དེ་ནས་བཟུང་གནམ་གྱི་ཁྲི་མདུན་གྱི་རིང་ལ་བོན་དར། གྲི་གུམ་བཙམ་པོས་བོན་བསྣུབས། སྤུ་དེ་གུང་རྒྱལ་གྱི་སྐབས་བོན་དར། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བོན་བསྣུབས། ཁྱར་པར་དུ་གནམ་གྱི་ཁྲི་བདུན་ལས་མུ་ཁྲི་མཙན་པོའི་དུས་སུ་བོན་གྱི་བསྟན་པ་ཆེས་ཆེར་འཕེལ་ཏེ། གསང་སྔགས་ཀྱི་བོན་དང༌། ཁྱད་པར་སྤྱི་སྤུངས་ཀྱི་བོན་རྣམས་དར། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་གདན་དྲངས་ནས་བོན་གྱི་བསྟན་བཅོས་དུ་མ་བོད་དུ་བསྒྱུར། བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས་ཞེས་པ་རྣམས་ནི། དབུ་རུ་ན་གནས་བཅུ་གསུམ་དང༌། གཡོན་རུ་ན་བདུན། གཡས་རུ་ན་བརྒྱད། རུ་ལག་ན་དགུ་སྟེ་སོ་བདུན་ནོ། དེ་རྣམས་སུ་འཆད་ཉན་སྒོམ་གསུམ་སྤེལ། དེ་དག་ལས་མཁས་གྲུབ་དང༌། མཐུ་བོ་ཆེ་དང༌། བོན་ཆེན་བཞི་བཅུ་བཅས་བྱུང༌། དེ་དུས་བོན་ཤིན་ཏུ་དར། ཉི་སྒྲོན་ལས། གནམ་གྱི་ཁྲི་བདུན་བྱ་བ་སྟེ། རྒྱལ་པོ་རེ་ལ་སྐུ་སྲུང་བོན་རེས་མཛད་པས་བོན་གཤེན་མངའ་ཐང་ཆེའོ་ཞེས་འཁོད་པར་བཤད། གྲི་གུམ་ཁྲིར་འཁོད་ནས་དགུང་ལོ་ཉེར་བདུན་པར་རྒྱལ་གཤེན་མཐུན་པར་མཉམ་དུ་གནས། དེ་རྗེས་རྒྱལ་གཤེན་པར་འགལ་བ་བྱུང་མཐར་རྒྱལ་པོའི་བཀའ་ལས་བོན་རྣམས་ཕམ་པའི་ཚུལ་ནི། ལེགས་བཤད་རིན་ཆེན་གཏེར་མཛོད་ལས། རྒྱལ་པོས་གཤེན་པོ་རྣམས་ལ་གསུངས་པ། སྐུ་གཤེགས་རྣམས་གསོན་དང༌། ང་ཡི་སྲིད་དང་ཁྱོད་ཀྱི་བོན་གཉིས་ཙམ་མངའ་རིས་འདི་རུ་མི་ཤོང་བས་ལྷ་བོ་སྒོ་བཞི་དང༌། གེ་ཁོད་ཐིས་འཕེན་དང༌། གཙོ་གྱིམ་བུ་ལན་ཚ་རྣམས་བདག་གི་སྐུ་སྲུང་དུ་བཞག་འཚལ། ཕྱི་མ་རྣམས་བོད་རུ་བཞི་ལས་འདས་པར་གཤེགས་ཤིག་ཅེས་གསུངས། དེར་བཀའ་ལྡོག་ཐབས་བྲལ་བས། བོན་གྱི་དཔེ་ཆ་མང་པོ་བྱང་ཕྱོགས་ཀྱི་བྲག་ལ་སྦས། འགའ་ཞིག་རྒྱུ་འབྲས་ཀྱི་བོན་སྒོ་ཆེན་པོ་དྲུག་ལ་སོགས་པ་ཁྱེར་ནས་ཞང་ཞུང་དུ་ཕྱིར་ལོག ལ་ལ་གཡའ་རི་དང་བྲག་ཕུག ལ་ལ་ནགས་ཁྲོད། ལ་ལ་བྱང་རྒྱུད་སོགས་སུ་སོང་ནས་སྒྲུབ་པ་ལ་གཞོལ། སྐབས་དེར་བོན་རྣམས་རྒུད་པར་གྱུར། དེ་རྗེས་སྤུ་དེ་གུ་རྒྱལ་གྱིས་ཡབ་བོན་ལ་སྡང་ཡང་ངས་བོན་དར་དུ་འཇུག་གསུངས་ནས་བོན་གྱི་བསྟན་པ་སྤེལ་བའི་ཚུལ་ནི།ལེགས་བཤད་རིན་ཆེན་གཏེར་མཛོད་ལས། དུས་དེར་ཞང་ཞུང་གི་ཡུལ་ནས་ཁྱུང་ཕོ་མུ་ཁྱུང་རྒྱན་དང༌། ལྷ་ཁྱུང་རྒྱན་སྐུ་མཆེད་གཉིས་གདན་དྲངས་ནས་བོད་དུ་འབུམ་སྡེ་ལྔ་དང༌། བོན་སྒོ་བཅུ་གཉིས་དང༌། བོན་གྱི་མཛོད་སྒོ་མང་པོ་དང༌། ཕྲ་མོ་བཅུ་དང༌། ཐེག་པ་ཐ་དད་པའི་བོན་སྒོ་མང་པོ་སྤེལ་ནས་སླར་ཡང་བོན་བསྟན་དར་བར་བཤད། གཞན་ཡང་རྒྱ་དཀར་ནག་དང༌། ཁྲོམ་དང་ཞང་ཞུང་དང༌། བོད་དང་མི་ཉག་གི་མཁས་པ་དྲུག་གིས་ཕྱི་དང་ནང་གི་རིག་པ། སྒྲ་དང་གསོ་རིག་སོགས་ཀྱིས་བོན་གྱི་བསྟན་པ་སྤེལ། བྱམས་མ་ལས། དུས་དེར་ཕ་རྒྱུད་ཀྱི་བོན་སྡེ་དང༌། སྲས་རྒྱུད་རྫོགས་ཆེན་གྱི་བོན་སྡེ་དང༌། བྱང་ཆུབ་སེམས་དཔའི་བོན་སྡེ་དང༌། གསང་སྔགས་ལ་གསས་མཁར་ཆེ་ལྔ་དང་རྒྱུད་ཆེན་ལྔའི་བོན་སྡེ། བྱམས་པ་རྒྱས་པའི་བོན་སྡེ། གཡང་དྲུང་ཡོངས་རྫོགས་དབང་ལ་སོགས་པའི་བོན་སྡེ། གསས་མཁར་ཐོག་ལ་སོགས་པའི་བོན་སྡེ། མདོ་མང་རིན་ཆེན་ལྔ་ལ་སོགས་པའི་བོན་སྡེ། རྒྱུད་སྡེ་ཆེན་པོ་ལྔ་ལ་སོགས་པའི་བོན་སྡེ། བྱེ་མ་ཉི་ཁྲི་ལ་སོགས་འབུམ་གྱི་བོན་སྡེ། གཟུངས་སྡེ་བཞི་ལ་སོགས་པའི་གཟུངས་ཀྱི་བོན་སྡེ། རིག་པའི་གནས་ལྔ་ལ་སོགས་པའི་བོན་སྡེ། ཐེག་པ་རིམ་དགུ་བཅས་བོན་སྡེ་དེ་རྣམས་དར། རྒྱལ་པོ་དེ་རྣམས་ཀྱི་དུས་སུ་བོན་གཞུང་དར་ཞེས་པ་ནི། བོད་ཀྱི་བོན་པོ་རྣམས་ཀྱིས་ཕྱྭ་དང་གཡང་འགུགས་པདང༌། མདོས་དང་ཡས་གཏོང་བ། འཕྲལ་ཕུགས་ཀྱི་འགལ་རྐྱེན་སེལ་བ། གནམ་གྱི་རྒྱུ་སྐར་ལྟ་བ་སོགས་རྒྱའི་བོན་གྱི་གཏོ་ཐབས་རྣམས་རྟོགས་པ་མ་ཟད། ཆབ་ནག་རྒྱུ་ཡི་བོན་དང༌། ལྟ་བ་རྫོགས་པ་ཆེན་པོའི་གཞུང་རྣམས་བོདཡུ་དུ་དར་ཁྱབ་ཆེ་བར་གྱུར་ཅེས་བོད་ཀྱི་བོན་དགོན་ཁག་གི་ལོ་རྒྱུས་དང་ད་ལྟའི་གནས་བབ་ཅེས་པར་བཤད་པ་བཞིན་སྙིང་པོ་བསྡུས་ཏེ་འདིར་བཤད་པ་ཡིན་ནོ། བོན་གྱི་དགོན་གནས་དང་དགོན་པ་རྣམས་ཀྱི་བྱུང་བ་གཞུང་དེར་གསལ་བས་དེར་བལྟ་བར་བྱའོ།།

 བོན་གྱི་གྲུབ་མཐའི་འདོད་ཚུལ་བཤད་པ།

ཡང་གཡུང་དྲུང་བོན་གྱི་ལུགས་ལ་ཐེག་པ་རིམ་དགུ་འདོད་ཚུལ་ལ། ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ལས། ཐེག་པ་རིམ་དགུས་བོན་གཞུང་བསྲང་ཟེར་ཏེ། དགུ་ནི། ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་ཏེ་རྒྱུའི་ཐེག་པ་བཞི། དགེ་བསྙེན།  ཨ་དཀར། དྲུང་སྲོང༌། ཡེ་གཤེན་ཏེ་འབྲས་བུའི་ཐེག་པ་བཞི། ཁྱད་པར་ཆེན་པོའི་ཐེག་པ་གཅིག་སྟེ་དགུའོ། ཕྱྭ་གཤེན་ལ་གཏོ་སུམ་བརྒྱ་དྲུག་ཅུ། དཔྱད་བརྒྱད་ཁྲི་བཞི་སྟོང༌། སྣང་གཤེན་ལ་གྱེར་སྒོམ་བཞི། སྐད་ཅོང་བརྒྱད། གཏའ་རག་བཞི་བཅུ་རྩ་གཉིས། འཕྲུལ་གཤེན་ལ་ལྟ་བྱང་རྫུ་འཕྲུལ་གྱི་གཞུང༌། སྲིད་གཤེན་ལ། ཤིད་ཐབས་སུམ་བརྒྱ་དྲུག་ཅུ། འདུར་སྒོ་བཞི། འདུལ་ཐབས་བརྒྱད་ཅུ་རྩ་གཅིག དགེ་བསྙེན་ལ་སྣོད་བཅུད་འབྱུང་རྫོགས་ཀྱི་མདོ་སྡེ་སོགས་དང༌། དྲང་སྲོང་ལ་འབུམ་སྡེ་བཞི་བཞི་སོགས་དང༌། ཨ་དཀར་ལ་རྒྱུ་ལུང་དུ་མ་དང༌། ཡེ་གཤེན་ལ་སེམས་ལུང་སྡེ་བཞི་དང༌། ཁྱད་པར་པ་ལ་མན་ངག་སྡེ་ལྔ་ཡོད་ཟེར། རྒྱུ་བོན་བཞིས་གཟུང་འཛིན་གྱི་རྟོག་པ་ཆ་བཞི་སྤོང༌། དགེ་བསྙེན་དྲང་སྲོང་གཉིས་ཀྱིས་ཉོན་སྒྲིབ་སྦྱོང༌།ཨ་དཀར་ཡེ་གཤེན་གཉིས་ཀྱིས་ཤེས་སྒྲིབ་སྦྱོང༌། ཁྱད་པར་ཆེན་པོས་ལྷན་སྐྱེས་རྩད་ནག་གཅོད། ཡང་རྒྱུའི་བོན་བཞིས་བསྐལ་པ་དུ་མར་སྦྱངས་པས་མོས་སྤྱོད་ཀྱི་ས་བཞི་ཐོབ། དགེ་བསྙེན་དང་དྲང་སྲོང་གིས་བསྐལ་པ་གྲངས་མེད་གསུམ་ལ་ལམ་བགྲོད་ནས་ཐར་པ་ཐོབ། ཨ་དཀར་ཡེ་གཤེན་གྱིས་སྐྱེ་བ་གཅིག་ལ་ཐར་པ་ཐོབ། ཁྱད་པར་ཆེན་པོས་ཚེ་གཅིག་གིས་བོན་སྐུ་ཐོབ་ཅེས་བཤད་དོ། ཞེས་གསུངས་སོ།

གཞན་ཡང་གཡུང་དྲུང་བོན་གྱི་ལུགས་ལ། ལྷོ་བྱང་དབུས་ཀྱི་གྲུབ་མཐའ་རིམ་པ་དགུ་ཡི་མིང་མི་འདྲ་བ་མཆིས་པ་ལས་དབུས་ལུགས་ལྟར་ན། ལྷ་མིན་གཞན་བརྟེན་གྱི་ཐེག་པ། རང་རྟོགས་གཤེན་རབ་ཀྱི་ཐེག་པ། ཐུགས་རྗེ་སེམས་དཔའ་འམ་སེམས་པའི་ཐེག་པ། གཡུང་དྲུང་སེམས་དཔའི་སྤྲོད་མེད་པའི་ཐེག་པ་སྟེ་འདེ་བཞི་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཞེས་བྱའོ། བྱ་བ་གཙང་སྤྱོད།༼བྱ་རྒྱུད༽ ཡེ་བོན་ཐེག་པ། རྣམ་པ་ཀུན་ལྡན།༼སྤྱོད་རྒྱུ༽མངོན་ཤེས་ཀྱི་ཐེག་པ་དངོས༼ཡེ་གཤེན་གྱི་རྒྱུད༽བསྐྱེད་ཐུགས་རྗེ་རོལ་བའི་ཐེག་པ། ཤིན་ཡེག་གཤེན་ཆེན་པོའི་རྒྱུད། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་དང་བཞི་ལ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཞེས་བརྗོད། རྫོགས་ཆེན་ཡོངས་ཀྱི་རྩེ་མོ་བླ་མེད་ཀྱི་ཐེག་པ་དགུའོ། འདིའི་ཐེག་པ་རྣམས་གྲུབ་མཐའ་དང་དོན་གཅིག་པར་བཤད།

གྲུབ་མཐའ་རིམ་དགུ་བྱུང་ཚུལ་ནི།

 སྟོན་པས་བོན་གསུངས་སོ་ཅོག་གདུལ་བྱའི་བློ་ལ་ལྟོས་ནས་གསུངས་པ་ཡིན་གྱི། གདུལ་བྱའི་བློ་ཡང་རབ་འབྲིང་ཐ་གསུམ་དུ་ཕྱེ་བ་ལ། དེ་རེ་རེ་ལའང་རབ་འབྲིང་ཐ་གསུམ་རེ་ཕྱེ་བས་དགུར་འདུས་སོ། དེ་ཡང་ཐག་པ་གསུམ་གྱི་ཁོངས་སུ་འདུ་སྟེ། ཉན་ཐོས་པའམ་གཤེན་རབ་རྣམ་རྩོད་པ་རྣམས་ཐེག་དམན་དང༌། རང་རྟོགས་གཤེན་རབ་པའམ་རང་རྒྱལ་རྣམས་ཐེག་འབྲིང་དང༌། ཐུགས་རྗེ་སེམས་པ་ཡན་ཆད་ཐེག་ཆེན་པ་ཡིན་ནོ། དེ་ལས་དང་པོ་ལྷ་མིན་གཞན་བརྟེན་པའི་ཐེག་པ་ལ་ཞུགས་པ་རྣམས་ནི། ཐེག་པ་ཆུང་ངུ༌། འབྲིང་པོ། ཆེན་པོ་སོགས་ཀྱི་གྲུབ་མཐའི་ལྟ་བ་སོགས་མ་རྟོགས་ལ་འཇིག་རྟེན་བོན་བརྒྱད་ལ་ཞེན་པ་དང༌། འདི་སྣང་ལ་བདེན་མི་མདེན་སོགས་ཀྱི་དཔྱད་པ་སོགས་མ་ཞུགས་པར་རང་ཁམས་ཁོ་ནའོ། སྐྱབས་འགྲོ་དང་དེའི་བསླབ་བྱ་རྣམས་ཚུལ་བཞིན་བྱེད་པའི་སྒོ་ནས་ཉ་སྟོང་སོགས་དུས་བཟང་རྣམས་སུ་དགེ་བ་ལ་ཕྱོགས་ཤིང་བོན་སྤྱོད་བཟང་པོ་སྲུང་ཞིང་ལུས་ངག་ཡིད་གསུམ་གནས་ངན་ལེན་བཟློག་སྟེ་བསྒྲུབ་པའོ། གཉིས་པ་རང་རྟོགས་གཤེན་རབ་ཀྱི་ཐེག་པ་ལ། ཕྱི་རོལ་གྱི་དངོས་པོ་ཡང་དག་ཏུ་འདོད་པའམ་ཉན་ཐོས་སྡེ་པ་དང༌། ཕྱི་རོ་གྱི་དངོས་པོ་ཡང་དག་མ་ཡིན་པར་འདོད་པའམ་རང་རྒྱལ་བ་གཉིས་སོ། དང་པོ་ལ། རྣམ་བཅས་རྫས་སུ་མེད་པར་འདོད་པ་དང༌། རྣམ་མེད་རྫས་སུ་མེད་པར་འདོད་པའོ། འདི་གཉིས་ཀའི་ལྟ་བའི་གཙོ་བོ་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཡིན་ཞིང༌། སྤང་བྱའི་གཙོ་བོ་ཉོན་སྒྲིབ་བྱེད་དོ། སྤྱོད་པའམ་མི་དགེ་བ་བཅུ་སྤོང་ཞིང་དགེ་བ་བཅུ་སྒྲུབ་པ། གཉིས་པར་རང་རྒྱལ་བས་གང་ཟག་གི་བདག་མེད་རྟོགས་པ་དང༌། གཟུང་འཛིན་གཉིས་སྟོང་གི་སྟོང་ཉིད་གཉིས་གཏན་ལ་ཕབ་སྟེ་བསྒོམ་མོ། བསྲུབ་བྱའི་ཁྲིམས་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཁྲིམས་དགེ་སྤྱོད་བཟང་པོ་བསྲུང་ངོ༌། གསུམ་པ་ཐུགས་རྗེ་སེམས་དཔའི་ཐེག་པའམ་སེམས་ཙམ་པ་ལ། ཤེས་པའི་སྐྱེ་མཆེད་ཡང་དག་ཏུ་འདོད་པ་དང༌། ཤེས་པའི་སྐྱེ་མཆེད་འཁྲུལ་བར་འདེོད་པའོ། དང་པོ་ལ་གཉིས་ཏེ་སྐྱེ་མཆེད་སྣ་ཚོགས་གཅིག་ཏུ་བདེན་པ་རྒྱུ་འབྲས་དང་བཅས་པ་དང༌། རྒྱུ་འབྲས་མེད་པའི་སྐྱེ་མཆེད་དོ། གཉིས་པ། རྣམ་ཀུན་ལྡན་པས་ནི། བོན་ཉིད་སྐྱེ་བ་མེད་པ་དང༌། ལྷ་སྐུ་ཕྱག་རྒྱ་བཞི་དང་ལྡན་པར་བལྟའོ། གཞན་ཡང་འདིས་གཞན་དོན་དུ་ཚེ་འདས་ཀྱི་སྒྲིབ་པ་སྦྱོང་ཞིང་འབྲས་བུ་ཐོབ་པར་བྱེད་པ་དང༌། ཕྱི་འདུར་རྣམས་ཀྱང་སྤྱོད་པའོ། གཉིས་པ་གསང་སྔགས་ནང་གི་ཐེག་པ་ལ་གསུམ། དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ། དང་པོ་ནི། རིམ་པ་གཉིས་ནི་ཚུལ་དང་ལྡན་པ་ཕྱི་ནང་གསང་གསུམ་གྱི་དབང༌། དམ་རྫས་ཁྱད་པར་ཅན་ལ་སྤྱོད་པ། གཤིན་དོན་དུ་སྒྲིབ་སྤྱང་ནང་འདུར་སོགས་སྤྱོད་ཅིང་ལམ་ཀྱི་ལྟ་བ་དང༌། སྤྱོད་པ་བཀག་མེད་དུ་ལྷུག་པར་སྤྱོད་པ།་  ཁྱད་པར་གྱི་དམ་ཚིག་བཞི་སྲུང་བ་སོགས་ཡོད་པར་འདོད། གསུམ་རྫོགས་ཆེན་ཡང་རྩེ་བླ་མེད་ཀྱི་ཐེག་པ་པས་ནི། གཞི་ཀ་དག་ཏུ་འདོད་པ་དང༌། ལྷུན་འགྲུབ་ཏུ་འདོད་པ་དང༌། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་དུ་འདོད་པ་རྣམས་ཡོད་ཅིང༌། མདོར་ན། གཞི་ཀ་དག་དང་ལྷུན་འགྲུབ་གཉིས་ཉམས་སུ་ལེན་པའི་ལམ་ལ་ཁྲེག་ཆོད་དང༌། ཐོད་རྒལ་གཉིས་སོགས་ཀྱི་རྣམ་གཞག་བཤད་པ་ཞིབ་རྒྱས་སུ་ཡོད་དོ། ཞེས་བཤད་དོ། སྤྱིར་གཡུང་དྲུང་བོན་གྱི་བསྟན་པ་ལ་ཕྱི་ནང་གསང་གསུམ་གྱི་དབྱེ་བ་ཡོད་དེ། སྟོན་པ་གཤེན་རབ་ཀྱི་ཡར་སྔོན་དུ་བོད་སྐུའི་སྟོན་པ་ཀུན་ཏུ་བཟང་པོས་གྲོལ་ལམ་རྫོགས་པ་ཆེན་མོའི་བསྟན་པ་སྤེལ་བ་ལ་གསང་རྒྱུད་དང༌། ལོངས་སྐུའི་སྟོན་པ་གཤེན་ལྷ་འོད་དཀར་གྱིས་གསང་སྔགས་ཀྱི་བསྟན་པ་སྤེལ་བ་ལ་སྔ་རྒྱུད། ཕྱིས་སུ་སྤྲུལ་སྐུའི་སྟོན་པ་གཤེན་རབ་མི་བོས་སྤེལ་བའི་མདོ་ཕྱོགས་ཀྱིས་གཙོས་བསྟན་པ་སྤེལ་བ་ལ་ཕྱི་རྒྱུད་ཟེར། ཕྱི་རྒྱུད་བོན་གྱི་གཞུང་ལུགས་ཀུན་ཐེན་པ་རིམ་པ་དགུའམ། བོན་སྒོ་བཞི། མཛོད་སོགས་སུ་འདུས་ཞེས་དུང་དཀར་ཚིག་མཛོད་ཆེན་མོར་བཤད་དོ། དེ་ལྟར་བོད་ཡུལ་དུ་གཡུང་དྲུབ་བོན་གྱི་བསྟན་པ་ཇི་ལྟར་བྱུང་བའི་ཚུལ་མདོར་བསྡུས་ཙམ་བཤད་ཟིན་ཏོ།།