བོད་ཀྱི་གླེགས་བམ་དྲ་བའི་གཏམ།
དེང་སང་འཛམ་གླིང་འདིར་ཚན་རིག་ཡར་རྒྱས་ཕྱིན་པ་དང་ཕྱོགས་མཚུངས། སྤྱི་ཚོགས་བྱིངས་ཀྱི་འཚོ་བའི་ཁོར་ཡུག་ཀྱང་ཉིན་རེ་བཞིན་སྣེ་མང་ཅན་དང་སྤྱི་ཚོགས་ཀྱི་འཚོ་བ་ཡང་འཕེལ་རྒྱས་དང་། བྲེལ་ཟིང་། འགྲན་རྩོད། བརྡ་འཕྲིན་རང་བཞིན་ཅན་གྱི་ངོ་བོར་འགྱུར་བཞིན་ཡོད། དེས་ན་ང་ཚོ་སྒང་པ་བོད་མི་རིགས་འདི་སྔར་མུས་བཞིན་གནས་ཐབས་རང་བཞིན་གྱིས་བྲལ་བས། སྔར་ལས་སྡུག་པའི་གདུག་རྩུབ་དང་གཉའ་གནོན་ཆེ་བའི་བྲན་གཡོག་ཏུ་མི་འགྱུར་ཆེད་རང་གི་རིག་གཞུང་ལ་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་ཕྱི་ནས་འཕེལ་རྒྱས་འབྱུང་བཞིན་པའི་རིག་གནས་རྣམས་ལེགས་སྤེལ་ཉེས་འགོག་གིས་དུས་རབས་དང་བསྟུན་གང་ཐུབ་བྱེད་རྒྱུ་གལ་ཆེན་དུ་མཐོང་།
དུས་རབས་དང་བསྟུན་ནས་དྲ་རྒྱ་གང་མང་བཟོ་འགོད་དང་། དྲ་ངོས་བེད་སྤྱོད་བྱེད་པ་ནི་རིག་གཞུང་ཞིབ་འཇུག་དང༌། གནས་ཚུལ་མཁོ་སྤྲོད། དཔལ་འབྱོར་འཕེལ་རྒྱས། ཉམས་མྱོང་བརྗེ་རེས་བཅས་ལ་མྱུར་ཚད་དང་སྤུས་ཚད་གཉིས་ཐད་ནས་ཕན་ནུས་དང་། གྲུས་འབྲས་ངེས་ཅན་ལྡན་པས་བོད་ཡིག་གི་དྲ་རྒྱ་གང་མང་བཟོ་བསྐྲུན་བྱེད་དགོས་པ་ནི་དུས་རབས་ཀྱིས་ང་ཚོར་སྤྲད་པའི་ལས་འགན་བཟློག་ཏུ་མེད་པ་ཞིག་ཏུ་ངོས་འཛིན་འོས།
བོད་མི་རིགས་ཀྱི་རིག་གཞུང་ནི་འཛམ་གླིང་སྟེང་ཐུན་མོང་མ་ཡིན་པའི་རིག་གཞུང་ཁྱད་དུ་འཕགས་པ་ཞིག་ཡིན་ཅིང༌། རིག་གཞུང་འདིས་འཛམ་གླིང་ཡོངས་ཀྱི་མི་མང་ལ་ཞི་བདེའི་ཚེ་སྲོག་བསྐྲུན་པར་འབུར་ཐོན་ནུས་ལྡན་གྱི་ཞབས་འདེགས་ཞུ་བཞིན་པར་བརྟེན། འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ནང་བོད་ཀྱི་ནང་ཆོས་དང་རིག་གཞུང་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་མང་དུ་འགྲོ་བཞིན་ཡོད།
དེས་ན་བོད་ཀྱི་གླེགས་བམ་དྲ་བ་ནས་རང་གི་མི་རིགས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་ཡོངས་ཀྱི་ཞབས་འདེགས་སུ་དམིགས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་སོགས་དང་འབྲེལ་བའི་སྲོལ་རྒྱུན་རི་མོ། དེང་རབས་འདྲ་པར་དང་རི་མོ་སོགས་རིག་གཞུང་སྡེ་ཚན་ཞིག་གི་ངོ་བོར་བཞག་སྟེ་ངོ་སྤྲོད་དང། ལྷག་པར་དུ་དེ་དག་ཇི་ལྟར་བྱུང་བའི་ཁུངས་གསལ་པོ་བཙལ་ཏེ་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་ཆེད། བོད་ཀྱི་གླེགས་བམ་ཞེས་པའི་དྲ་བ་འདི་གསར་དུ་ཇུས་འགོད་ཀྱིས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་དམིགས་བསལ་དོན་གཉེར་ཅན་དང༌། ཉམས་ཞིབ་གནང་མཁན་རྣམས་ལ་དེ་འབྲེལ་གྱི་ཡིག་ཆ་དང་དཔེ་དེབ་ངོ་སྤྲོད། སྔོན་བྱོན་མཁས་པའི་གསུང་རྩོམ་གློག་ཀླད་དུ་བཅུག་ཟིན་རིགས་ཀྱང་གང་ཐུབ་ཀྱིས་མཁོ་སྤྲོད་སོགས་བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་གཞི་རྒྱ་ཇེ་ཆེར་འགྲོ་ཐབས་ནི་ལས་འཆར་འདིའི་དམིགས་དོན་དང་ཁ་ཕྱོགས་ཡིན།