སྨད་ཚོང་བུ་མོ་ནོར་རྔམ་ཆེ། མཐའ་མ་ཉེས་ཆད་རྐང་ལག་བཅད།

སྔོན་གྲོང་ཁྱེར་བཅོམ་བརླག་ཏུ་སྦས་པ་ཟེར་བའི་སྤོས་ཚོང་མཁན་ཞིག་ཡོད། དེ་ལ་བུ་ཉེར་སྦས་ཟེར་བ་བསོད་ནམས་དང་ལྡན་པ་ཞིག་བྱུང་། དེ་མ་སྐྱེས་གོང་ནས་ཕ་སྦས་པས། གལ་ཏེ་ཕྲུ་གུ་བུ་ཞིག་སྐྱེས་ན་དགེ་སློང་ཤཱ་ནའི་གོས་ཅན་གྱི་སློབ་མར་འབུལ་དགོས་སྙམ། དེ་ནས་ཏག་ཏག་བུ་ཞིག་སྐྱེས་ཤིང་ཆེན་པོ་ཆགས་དུས་གྲྭ་པ་རྣམས་ལ་དད་པ་ཆེན་པོ་ཡོད་པས་ན་ཕྱི་ནང་གི་གེེགས་དང་བར་ཆད་ཀྱིས་མ་ཚུགས། དེ་ནས་ཕ་སྦས་པས་བུ་ལ་ཙནྡན་དང་། གླ་རྩི་དང་། ཨ་ཀ་རུ་དང་ ག་བུར་ལ་སོགས་སྤོས་སྨན་གྱི་རྒྱུ་རྣམས་སྒྲུབ་སྟངས་དང་དེའི་གཡོས་སྦྱོར་བྱེེད་ཐབས་སོགས་ཀྱི་ཤེེས་བྱ་རྣམས་བསླབས་ཏེ་མཁས་པར་གྱུར།

དེ་ནས་སྨད་ཚོང་མ་ནོར་ལྷས་བྱིན་ཞེས་པས་རང་གི་གཡོག་མོ་སྤོས་ཉོ་བར་བཏང་བས་གཡོག་མོས་ཉེར་སྦས་ཀྱི་གཟུགས་དང་། ཡོན་ཏན་རྣམས་མཐོང་ནས་དེའི་ལོ་རྒྱུས་སྨད་ཚོང་མར་བཤད་པས་སྨད་ཚོང་མ་ཡིད་མགུ་ནས་ཉེར་སྦས་འགུགས་སུ་བཏང་ཡང་ཉེར་སྦས་ཀྱིས་དེ་འདྲ་ཡག་པོ་མིན་སྙམ་སྟེ་འགུགས་མི་དེེར་འཛུམ་དང་བཅས་ཏེ་སྨྲས་པ། བུ་མོ་དེ་དང་ང་གཉིས་ད་ལྟ་འཕྲད་པའི་དུས་མ་ཡིན་ཟེར་ནས་མ་ཕྱིན། སྨད་ཚོང་མས་ཉེར་སྦས་དང་གཉེན་སྒྲིག་པའི་སྐལ་པ་མི་འདུག་བསམ་ནས་རང་སེམས་ཁོ་ཐག་ཆོད་པའི་སྐབས། ཚོང་དཔོན་ཞིག་གི་བུ་ལང་ཚོ་དང་ལྡན་པ་ཞིག་ཁྱིམ་དུ་ཡོད་མུས་ཀྱང་། ཡང་བྱང་ཕྱོགས་ནས་འོང་པའི་ཚོང་པ་ནོར་ལྡན་ཟེར་བ་ཞིག་དེར་སླེེབས་ཏེ་མཚན་ཞིག་མོ་དང་མཉམ་དུ་ཉལ་ཞིང་མོ་ལ་གོས་དང་གསེར་སོགས་མང་པོ་སྦྱིན། དེ་ནས་སྨད་ཚོང་མ་དང་མོའི་ཨ་མ་གྲོས་བྱས་པར། ཁྱོ་ག་སྔ་མ་གཞོན་ནུ་དེ་གཟུགས་དང་རྣམ་པ་ལེགས་ཀྱང་ནོར་མེད་པས་ཟ་རྒྱུ་དང་འཐུང་རྒྱུ་གཞན་ནས་འབྱོར་དཀའ་བར་བརྟེན་བསྐྲད་ཀྱང་མི་འགྲོ། ཚོང་དཔོན་ནོར་ལྡན་དེ་ནོར་དང་ལྡན་ཅིང་རང་ཅག་ནི་རྒྱུ་ནོར་ཁོ་ནའི་ཆེད་དུ་ཡིན་པས་ནོར་ལྡན་འདི་ཉར་རྒྱུའི་དོན་དུ་གཞོན་ནུ་དེ་གསོད་པར་གྲོས་བྱས་ནས་ཟས་སུ་དུག་བཏབ་ནས་བྱིན་ཏེ་བསད། དེ་ནས་དུས་ཡུན་གང་མཚམས་སོང་བས་ཡུལ་མི་རྣམས་ཀྱིས་ཚོང་པའི་བུ་དེ་སྨད་ཚོང་མའི་ནང་དུ་སོང་ཡང་ད་བར་ཕྱི་ལ་འཐོན་རྒྱུ་མི་འདུག་ཅེས་གླེང་སློང་མང་པོ་བྱུང་སྟེ་མཐར་བུ་དེའི་སྤུན་ཉེ་དུ་རྣམས་མོའི་ཁྱིམ་དུ་འཚོལ་བར་ཕྱིན་པས་གད་སྙིགས་ཕུང་གསོག་བརྒྱབ་སྟེ་བཞག་པའི་འོག་ནས་བུའི་རོ་རྙེད་དེ་རྒྱལ་པོ་ལ་ཞུས་པས། སྨད་ཚོང་མ་རྒྱལ་པོའི་དྲུང་དུ་བོས་ནས་དྲི་བ་དྲིས་པས་མོས་ཀྱང་བསད་པར་ཁས་བླངས། དེ་ནས་སྨད་ཚོང་མའི་རྐང་ལག་བཞི་དང་། སྣ་དང་རྣ་བ་རྣམས་བཅད་ནས་སྡུག་བསྔལ་ཚད་མེད་མྱོང་བཞིན་ཡོད་པ་ཉེར་སྦས་ཀྱིས་ཐོས་ཏེ་སེམས་མ་བཟོད་པར་ལྟ་བར་ཕྱིན་པས། སྨད་ཚོང་མ་ནི་ཉེར་སྦས་མཐོང་བ་དང་དེ་སྔོན་ཉེར་སྦས་ལ་སེམས་ཆགས་པས་འདོད་པའི་བག་ཆགས་ཀྱིས་མགོ་བོ་སྒུར་ཞིང་སྨྲས་པ། ཁྱེད་དེ་སྔོན་ང་གཟུགས་དང་རྣམ་པ་མཛེས་ཤིང་རྒྱུ་ནོར་ལོངས་སྤྱོད་ལྡན་པའི་བདེ་བར་ཡོད་དུས་འབོད་དུ་བཏང་ཡང་འོང་བའི་དུས་མ་ཡིན་གསུངས། ད་ཆ་ང་གནས་སྟངས་འདི་ལྟ་བུར་གྱུར་དུས་བྱོན་པའི་དུས་ག་ལ་ཡིན་ཞུས་པར། ཉེར་སྦས་ཀྱིས། ད་ཁྱོད་རང་ལྷ་དང་གནོད་སྦྱིན་སོགས་གང་གིས་ཀྱང་བསྐྱབ་ཐུབ་ཐབས་མེད་ཅིང་། ཁྱོད་སྐྱོབ་མཁན་སངས་རྒྱས་ཁོ་ན་ཡིན་པས་དེ་ལ་སྐྱབས་སུ་འགྲོ་དགོས། ལུས་མཛེས་སྡུག་པདྨ་དང་མཚུངས་ཀྱང་ཕྱིའི་པགས་པ་ཙམ་ལས་ཡིད་འཕྲོག་རྒྱུ་གང་ཡང་མེད། ངས་ཁྱོད་ལ་དགེ་བའི་གྲོགས་ཡོང་བའི་སྨོན་ལམ་བཏབ་ཆོག ཁྱོད་ཀྱིས་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་རྒྱུ་མ་བརྗེད་པར་གྱིས་ཤིག་ཟེར་བར། སྨད་ཚོང་མས་དམ་པའི་ཆོས་ལ་ཡིད་ཆེས་དང་དད་པ་རབ་ཏུ་སྐྱེས་པས་ཚེ་འཕོས་ནས་འདོད་ཁམས་ཀྱི་ལྷར་སྐྱེས། དེའི་དུས་སུ་དགེ་སློང་ཤཱ་ནའི་གོས་ཅན་གྱིས་ཉེར་སྦས་གྲྭ་པར་ཞུགས་སུ་འཇུག ཉེར་སྦས་གྲྭ་པར་ཞུགས་ནས་ཆོས་ལ་སློབ་གཉེར་དང་དེ་ལག་ལེན་ཧུར་ཐག་བྱས་པས་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་གྲོང་ཁྱེར་གྱི་མི་རྣམས་ལ་དམ་པའི་ཆོས་ཟབ་ཅིང་གསལ་བར་བསྟན། དེའི་སྐབས་བདུད་རྣམས་ཀྱིས་བར་ཆད་གཏོང་རྩིས་ཀྱིས་ཡུལ་དེར་གསེར་དང་མུ་ཏིག་གི་ཆར་ཕབ་དང་བུད་མེད་མཛེས་མས་གར་སྣ་ཚོགས་འཁྲབ་པས། ཆོས་ཉན་མཁན་རྣམས་གར་མཁན་དེ་དག་ལ་སེམས་ཆགས་པར་གྱུར་ཏོ།

ཉེར་སྦས་ཀྱིས་བདུད་དེ་རྣམས་འདུལ་བའི་ཕྱིར་ཞི་ཞིང་དུལ་བའི་ངང་གར་མཁན་མཛེས་མ་རྣམས་ཀྱི་མདུན་དུ་བྱོན་ནས་ཁྱེད་རྣམས་ཀྱི་གླུ་དང་གར་ཧ་ཅང་སྙན་པོ་འདུག་པས་ཐུགས་རྗེ་ཆེ་ཞེེས་གསུངས་ཤིང་དེ་དག་གི་མགུལ་ལ་མེ་ཏོག་གི་ཕྲེེང་བ་བཏགས་པས་ཕྲེང་བ་དེ་དག་སྦྲུལ་གྱི་རོ་དང་མི་དང་ཁྱི་རོར་གྱུར་ཏེ་རོ་དེ་དག་གིས་བདུད་ཀྱི་སྐེ་བདམས་ཤིང་འགྲོལ་མ་ཐུབ་པར་ལྷ་ཁྱབ་འཇུག་དང་ཚངས་པ་སོགས་ལ་སྐྱབས་སུ་སོང་ཡང་མ་གྲོལ་བས། བདུད་རྣམས་ཞུམ་ནས་ཉེར་སྦས་ལ་གུས་པས་ཕྱག་འཚལ་ཞིང་ཞབས་ལ་གཏུགས་ཏེ་ལག་ཐལ་མོ་སྦྱར་ནས་གསོལ་བ། ང་ཚོས་ཁྱེད་ལ་གནོད་པ་བྱས་པར་ཁྱེད་ཀྱིས་སྙིང་རྗེ་དགོངས་ནས་རོ་གསུམ་པོ་དགྲོལ་དུ་གསོལ་ཞེས་གོསལ་བ་བཏབ་པར། ཕྱིན་ཆད་དགེ་སློང་རྣམས་ལ་གནོད་འཚེ་མི་བྱེད་ན་འགྲོལ་ཆོག་གསུངས་ནས་རོ་གསུམ་པོ་བཀྲོལ་བས་མེ་ཏོག་གི་ཆུན་པོར་སོང་། དེ་ནས་ཉེར་སྦས་བཅོམ་ལྡན་འདས་ཀྱི་སྐུའི་སྣང་བརྙན་མཇལ་བར་འདོད་ནས་བདུད་ཀྱི་གཙོ་བོ་དེར་སྨྲས་པ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཐོས་པས་ཐུགས་ཀྱི་ཡོན་ཏན་རྟོགས་པས་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མཇལ་ཡང་། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་མཇལ་མ་མྱོང་བས་ཁྱོད་ཀྱིས་སྤྲུལ་པ་གང་ཡང་སྟོན་ཤེས་པ་དང་། སངས་རྒྱས་ཀྱི་གཟུགས་སྐུ་ཡང་མཇལ་མྱོང་བར་བརྟེན་ཁྱོད་ཀྱིས་སངས་རྒྱས་ཀྱི་སྐུ་ཇི་འདྲ་ཡོད་པ་སྤྲུལ་ནས་ང་ལ་སྟོན་ཅིག་གསུངས་པས། བདུད་ཀྱིས་གུས་པས་སངས་རྒྱས་མཇལ་མྱོང་ཡང་སངས་རྒྱས་ཀྱི་སྐུའི་ཚད་ངོ་མ་ཇི་ཙམ་ཡོད་པ་མི་ཤེས། འོན་ཀྱང་ཁྱེད་ཀྱི་བཀའ་སྒྲུབ་པའི་ཆེད་འདུལ་བའི་ལུང་དང་མཐུན་པའི་སྐུ་ཡི་ཆ་འདྲ་ཞིག་བསྟན་རྒྱུ་ཡིན་ཟེར་ནས་སྐུ་གསེར་གྱི་མདོག་ལྟ་བུ་སྤྱན་དཀྱུས་རིང་ཞིང་ཤངས་དབྱིབས་མཐོ་བ། སྙན་ཤལ་རིང་ལ་ཕྱག་ཟུང་འཇམ་མཉེན་ལྡན་པ། དབུ་ལ་གཙུག་ཏོར་ལུས་ལ་ཆོས་གོས་མནབས་པ། ལྟ་བས་ཆོག་མི་ཤེས་པ་དེ་ལྟ་བུ་ཞིག་ཉེར་སྦས་ཀྱིས་མཇལ་བས་མཆི་མ་དབང་མེད་དུ་ཤོར་ཞིང་དད་པའི་སྤུ་ལོང་གཡོས་ནས་ཕྱག་བཙལ་མ་ཐག་ལམ་སེང་བདུད་ཀྱིས་རང་གཟུགས་བསྟན་ནས་སྐྱེས་མཆོག་དམ་པ་ཁྱེད་ཀྱིས་བདག་ལ་ཕྱག་འཚལ་མི་རིགས་ཞུས་པར།ཉེར་སྦས་ཀྱིས། གང་ལྟར་སངས་རྒྱས་ཀྱི་སྐུུ་གཟུགས་ཡིན་ཕྱིིན་ས་དང་ཤིང་ལས་གྲུབ་ཀྱང་ཕྱག་དང་མཆོད་པར་འོས་སོ་གསུངས་པས་བདུད་ཀྱང་དུལ་ཞིང་གུས་པར་གྱུར། དེ་ནས་ཉེར་སྦས་ཀྱིས་གྲོང་ཁྱེར་གྱི་སྐྱེ་འགྲོ་རྣམས་ལ་ཆོས་མང་དུ་བསྟན་པས་འཁོར་འབུམ་ཕྲག་བཅོ་བརྒྱད་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་ཏོ།

དེ་ལྟར་བཅོམ་ལྡན་འདས་ཀྱིས་ཉེ་གནས་ཀུན་དགའ་བོ་དང་། དེའི་སློབ་མ་ཤཱ་ནའི་གོས་ཅན་དང་། དེའི་སློབ་མ་ཉེར་སྦས་བཅས་འཁོར་རེ་རེས་ཀྱང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་པར་གྱུར་ཏེ། འདི་ཡང་འབྲས་བུའི་ཆོས་སྐོར་རོ།


ཤོས་ངོས་འདིའི་དཔྱད་གཞི། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་གིས་པར་དུ་བསྐྲུན་པའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་དོན་བསྡུས། བརྒྱ་བྱིན་ལྷ་ཡུལ་ནས་ལྷུང་བ་ཞེས་པ་ལས་ཟུར་འདོན་བྱས།
Compiled by : Tenzin Wangdue. Edited by: Sangye Tandar Naga Design. Layout Lobsang Gonpo. Illustrations : Ngawang Dorjee