དཔལ་ལྡན་ཨ་ཏི་ཤ

༄༅ ། །མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི།

ཟ་ཧོར་བྷང་ག་ལའི་རྒྱལ་པོ་དགེ་བའི་དཔལ་གྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་ནས་རྗེ་བཙུན་སྒྲོལ་མའི་ཞལ་གཟིགས། དཔལ་ན་ལེནྡྲར་བྱོན་ཏེ་གནས་བརྟན་བྱང་ཆུབ་བཟང་པོ་དང་། རིག་པའི་ཁུ་བྱུག་ལས་གདམས་ངག་གསན་ཏེ་སྦྱོར་ལམ་ཐོབ། རི་ནག་པོའི་གཙུག་ལག་ཁང་དུ་ཨ་ཝ་དྷུ་ཏཱི་པའི་དྲུང་དུ་དགུང་ལོ་བཅུ་གཉིས་ནས་བཅོ་བརྒྱད་བར་དུ་བཞུགས་ཏེ་སྤྱོད་པ་ལོ་གསུམ་ མཛད། དེ་ནས་དགུང་ལོ་ཉེར་དགུའི་བར་ནཱ་རོ་པ་སོགས་བླ་མ་མང་དུ་བསྟེན་ཏེ་སྔགས་ལ་སྦྱངས། ཌ་བྷི་པས་བྱིན་གྱིས་བརླབས་ཏེ་མཐོང་ལམ་ཐོབ། དཔལ་ཧེ་རུ་ཀས་བསྐུལ་ཏེ་ཤི་ལ་རཀྵི་ཏ་ལས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས།

དགུང་ལོ་སོ་གཅིག་ཚུན་འདུལ་བ་སྡེ་ བཞིའི་ལུང་ལ་སྦྱངས་ཏེ་ཀུན་གྱིས་བཀུར་བར་གྱུར། བླ་མ་དྷརྨ་རཀྵི་ཏ་ལ་ལོ་བཅུ་གཉིས་བར་བྱེ་བྲག་ཏུ་བཤད་པ་ཆེན་མོ་གསན་ཅིང་ཐོས་པ་མཐར་ཕྱིན་གནང་། ཁྱད་པར་དུ་བླ་ མ་གསེར་གླིང་པ་ཆོས་ཀྱི་གྲཊ་པར་ལོ་བཅུ་གཉིས་སུ་དབུ་སྔས་སྦྲེལ་ཏེ་ཐེག་ཆེན་རྒྱ་ཆེ་བའི་ལམ་རིམ་དང་བྱང་ཆུབ་ཀྱི་སེམས་ཀྱི་གདམས་པ་རྫོཊ་པར་མནོས། ཕྱིར་གདན་སར་ཕེབས་ཏེ་པཎ་ཆེན་ང་གཅིག་གིས་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ལྡེ་མིག་གཏད་དེ་བསྟན་པའི་བདག་པོར་བཀུར། བི་ཀྲ་མ་ལ་ཤི་ལའི་མཁན་པོ་མཛད། དེའི་ཚེ་མི་ཏྲི་པས་ཕག་མོ་མཆོད་པའི་ཆང་བསྣམས་པ་ལ་གནས་ནས་དབྱུང་བར་བརྩམས་པ་ན། རྩིག་པ་ལ་ཐོགས་མེད་དུ་ཕེབས་པས་འགྱོད་དེ་བཟོད་གསོལ་ཕུལ་ཀྱང་། རྗེ་བཙུན་སྒྲོལ་མས་བྱང་སེམས་ལ་བརྟེན་པའི་སྡིག་སྦྱོང་དུ་བྱང་ཕྱོགས་སུ་ཆོས་དར་བར་བསྐུལ་པའི་རྐྱེན་བྱས། བོད་དུ་ལྷ་བླ་མ་སྐུ་དབོན་དང་འབྲོམ་རྒྱལ་བའི་འབྱུང་གནས་སོགས་ཀྱིས་སྐུའི་འཚོ་བ་དང་ལོངས་སྤྱོད་ཕངས་མེད་དུ་བཏང་སྟེ་སྤྱན་དྲངས། བསྟན་པ་ལ་དག་ཐེར་དང་། བྱང་ཆུབ་ལམ་སྒྲོན་སོགས་མཛད་དེ་བཀའ་གདམས་ཀྱི་སྲོལ་ཕྱེ། དེ་ཡང་ལྷ་ས་དང་། བསམ་ཡས། མཉེས་ཐང་དུ་མཐིལ་ཕབ་སྟེ་སྐྱབས་འགྲོ་དང་ལས་འབྲས། བྱམས་སྙིང་རྗེའི་ཆོས་ཤ་སྟག་གསུངས། མངའ་རིས་སུ་བཞུགས་ཚེ་བླ་མ་ལས་འབྲས་པ་དང་། ལྷ་སར་བླ་མ་སྐྱབས་འགྲོ་པ་ཞེས་གྲགས།

དགུང་ལོ་དོན་གསུམ་སྟེང་མཉེས་ཐང་བདེ་བ་ཅན་ནས་སྐུ་མྱ་ངན་ལས་འདས་ཏེ་དགའ་ལྡན་དུ་ཕེབས་ཤིང་བྱང་སེམས་ནམ་མཁའ་དྲི་མེད་ཅེས་བྱ་བར་གྱུར། བཀའ་གདམས་པའི་ཆོས་ཀྱི་གཙོ་བོ་ནི། བཀའ་གདམས་གཞུང་དྲུག་ཡིན་ལ། ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་དང་། སྤྱོད་པ་ཤིན་ཏུ་ཞིབ་པས་འདུལ་བསྟན་གྱི་རྒྱན་དུ་གྱུར། ཉམས་ལེན་ལ་རྗེས་དྲན་ལྔ་དང་། སྙིང་པོ་ཐིག་ལེ་བཅུ་དྲུག ལྷ་བཞི་དང་ཆོས་གསུམ་སྟེ་ལྷ་ཆོས་བདུན་ལྡན་དུ་གྲགས་ཤིང་། ཐུབ་པ་དམ་ཚིག་གསུམ་བཀོད་དང་། མི་གཡོ་བའི་སྐོར། སྤྱན་རས་གཟིགས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ། བོད་ཀྱི་བསྟན་པའི་བདག་པོར་གྱུར་ཅིང་། གསུང་རྩོམ་ཆེ་ཆུང་བརྒྱ་རྩ་སོགས་དང་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་མང་ངོ་། །

༄༅། །ཐུབ་གསུམ་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །གངས་ལྗོངས་ཐུབ་བསྟན་སྤེལ་པའི་དྲིན་ཅན་རྗེ། །ཇོ་བོ་ཨ་ཏི་ཟ་ལ་གསོལ་བ་འདེབས། །


ཤོས་ངོས་འདིའི་དཔྱད་གཞིའི་ཡིག་ཆ་ཁག་ཅིག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།
འཇིགས་མེད་ཆོས་ཀྱི་རྡོ་རྗེ་ལགས་ཀྱིས་སྒྲིག་རྩོམ་བྱས་པ་ལས་ཟུར་འདོན་བྱས།