༄༅། །ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དགུང་ལོ་ཉི་ཤུའི་དུས་ཙམ་ན་མཁན་ཆེན་ཞི་བ་འཚོ་སྤྱན་དྲངས་ཤིང་ཡན་ལག་བརྒྱད་པའི་ཁྲིམས་དང་། དགེ་བ་བཅུ་དང་ཁམས་བཅོ་བརྒྱད་དང་མཐུན་པའི་ཆོས་གཞི་བཙུགས་པར། བོད་ཀྱི་མི་མ་ཡིན་གདུག་པ་ཅན་རྣམས་ཁྲོས་ཏེ་དམར་པོ་རི་ལ་ཐོག་བརྒྱབ། འཕང་ཐང་གི་ཕོ་བྲང་ཆུས་ཁྱེར་པ་དང་། ལོ་ཉེས་ཆེན་པོ་བྱུང་བས། སྡིག་བློན་རྣམས་ཀྱིས་ཆོས་བྱས་པས་ལན་ཟེར་ནས་མཁན་པོ་བལ་ཡུལ་དུ་ཕེབས་ཁར་སློབ་དཔོན་སྤྱན་འདྲེན་དུ་མངགས་པ་སློབ་དཔོན་གྱིས་མཁྱེན་ཏེ་མང་ཡུལ་གུང་ཐང་དུ་ཡུད་ཙམ་གྱིས་ཕེབས་པ་དང་ཞལ་མཇལ་ཞིང་། སློབ་དཔོན་ཆེན་པོ་སྐྱིད་གྲོང་ནས་ཚུར་བྱོན་པར་བོད་ཀྱི་ལྷ་འདྲེས་ཁ་ཆར་དྲག་པོ་ཕབ་ཅིང་། རི་ཕན་ཚུན་ཁ་སྦྱར་པས་སློབ་དཔོན་རིའི་ཁོང་གསེང་དུ་ཕེབས་ཏེ་ལྷ་འདྲེ་རྣམས་ཏིང་ངེ་འཛིན་གྱིས་དམ་ལ་བཞག་པ་དང་། བོད་ཡུལ་རྫུ་འཕྲུལ་གྱིས་ཞབས་ཀྱིས་བཅགས་ནས། བརྟན་མ་བཅུ་གཉིས་དང་། མགུར་ལྷ་བཅུ་གསུམ། དགེ་བསྙེན་ཉེར་གཅིག་སོགས་ཀྱི་སྲོག་སྙིང་བླངས། ཧས་པོ་རིར་བྱོན་ཏེ་ལྷ་སྲིན་ཐམས་ཅད་བཀའ་འོག་ཏུ་བསྡུས། དཔལ་གྱི་མགུར་ལས་དྲེགས་པ་ཟིལ་གནོན་གྱི་ཐ་ཚིག་དང་། ནམ་མཁའ་ལ་རྡོ་རྗེ་གར་འགྲོས་ཀྱིས་ས་གཞི་བྱིན་གྱིས་བརླབས་ཤིང་། ལོ་ལྔའི་རིང་བསམ་ཡས་བཞེངས་གྲུབ་བྱུང་ཞིང་རབ་གནས་མཛད་པར་ངོ་མཚར་བསམ་གྱིས་མི་ཁྱབ་པ་བྱུང་།
མཁན་པོས་སྦ་གསལ་སྣང་སོགས་སད་མི་བདུན་རབ་ཏུ་བྱུང་བར་བྱས། ལོ་ཙཱ་པ་སྐ་ཅོག་ཞང་གསུམ་སོགས་ཀྱིས་བཀའ་བསྟན་སྤྱི་དང་ཁྱད་པར་དུ་བཻ་རོ་ཙ་ནས་རྫོགས་ཆེན་དང་། ནམ་མཁའི་སྙིང་པོས་ཡང་ དག་རྣམས་སྤེལ། སློབ་དཔོན་ཆེན་པོས་རྗེ་འབངས་ཉེར་ལྔ་སོགས་ལ་སྔགས་ཀྱི་དབང་བསྐུར་དང་། ཕུར་བ་འབུམ་སྡེ་དང་། མན་ངག་ལྟ་ཕྲེང་སོགས་གསུངས་པ་དང་། གཞན་ཡང་སྐམ་སར་ཆུ་རྡོལ་བ་དང་། བྱེ་ཐང་ནེའུ་གསེང་དང་། ནགས་ཚལ་དུ་ བསྒྱུར་པ་དང་། ཆུ་ཀློང་སོགས་རྫུ་འཕྲུལ་གྱིས་བསྐྱེད་པ་ལ་སྡིག་བློན་རྣམས་ཀྱིས་འཕྲོ་བཤོལ་བར་བྱས་པས། རྒྱལ་རྒྱུད་དང་མངའ་ཐང་ཕྱིར་སྦྱིན་སྲེག་དང་། ལྷ་ཀླུ་དམ་བཞག་གསུམ་པའང་མ་གྲུབ། མ་འོངས་པའི་ལུང་བསྟན་མང་པོ་གནང་བ་སྟེ་ལོ་ལྔ་བཅུ་རྩ་ལྷག་གི་རིང་ལ་བཞུགས་པས་མངའ་རིས་སུ་གངས་བྲག་ཉི་ཤུ་དང་། དབུས་གཙང་དུ་སྒྲུབ་གནས་ཉེར་གཅིག མདོ་ཁམས་སུ་གནས་ཆེན་ཉེར་ལྔ། སྦས་ཡུལ་རྒྱལ་པོ་གསུམ། ལུང་ལྔ། ལྗོངས་གསུམ། གླིང་གཅིག་སོགས་བཞུགས་གནས་དང་། རྒྱལ་པོའི་བླ་གཏེར་བརྒྱ། ཐུགས་གཏེར་ལྔ། ཟབ་གཏེར་ཉེར་ལྔ་སོགས་མ་འོངས་ལས་འཕྲོ་ཅན་གྱི་སྐལ་དུ་གནང་སྟེ་མདོ་སྔགས་བསྟན་པའི་རྨང་གཞི་བཙུགས་པ་དང་། བཀའི་རྡོ་རིང་བསླངས། དུས་དེ་ཙ་ན་བོད་ཀྱི་བསྟན་སྲིད་མངའ་ཐང་གིས་འཛམ་གླིང་གི་སུམ་གཉིས་དབང་བསྒྱུར་ཅིང་བདེ་སྐྱིད་ལྷ་དང་མཉམ་པར་གྲགས་ཤིང་སློབ་དཔོན་ཆེན་པོ་གདུལ་ཞིང་གཞན་དུ་གཤེགས་ཀྱང་འཕྲིན་ལས་དང་ཐུགས་རྗེ་དུས་ལས་མི་ཡོལ་བར་མངོན་ནོ། །
ཅོག་རོ་དང་སྣ་ནམ་སོགས་ཀྱིས་ལོ་ཙཱ་གནང་སྟེ་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་བསྒྱུར་པ་དང་། སློབ་དཔོན་གྱིས་ན་ལེནྡྲའི་གཙུག་ལག་ཁང་ན་བཞུགས་པའི་རྒྱ་དཔེ་རྣམས་རྫུ་འཕྲུལ་གྱིས་བླངས་ཏེ་བསམ་ཡས་གཙུག་ལག་ཁང་གི་མཛོད་དུ་བཞུགས། དེར་མཁན་ཆེན་དང་ལོ་ཙཱ་པ་སྐ་བ་དཔལ་བརྩེགས་སོགས་ཀྱིས་གསང་སྔགས་སྐོར་བསྒྱུར་པ་དང་། ཉིང་ཏིང་འཛིན་བཟང་པོས་བསྒྱུར་པ་རྣམས་ཀྱང་བཞུགས་ཏེ། རྙིང་མའི་ཆོས་རྣམ་དག་ཡིན་པའི་ཁུངས་མཐར་གཏུགས་ན་རྒྱ་དཔེ་རྣམས་དང་དེ་དག་གིས་བསྒྱུར་པའི་གསུང་རབ་ཀྱི་སྐོར་ལ་ཐུག་པ་ཡིན།
ཤོས་ངོས་འདིའི་དཔྱད་གཞིའི་ཡིག་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།
འཇིགས་མེད་ཆོས་ཀྱི་རྡོ་རྗེ་ལགས་ཀྱིས་སྒྲིག་རྩོམ་བྱས་པ་ལས་ཟུར་འདོན་བྱས།