༄༅། །མཁས་གྲུབ་ཐམས་ཅད་མཁྱེན་པ་ནི།

ལ་སྟོད་མྱང་རྡོག་གཞུང་དུ་ ༡༣༨༥ ལོར་སྐུ་འཁྲུངས་ཤིང་མཁས་གྲུབ་ལྷ་དབང་བློའི་སྐུའི་སྐྱེ་བ་དྲན་པས་མཁས་གྲུབ་རྗེ་ཞེས་་གྲགས། མཁན་ཆེན་སེངྒེ་རྒྱལ་མཚན་ལས་རབ་ཏུ་བྱུང་སྟེ་དགེ་ལེགས་དཔལ་བཟང་དུ་གསོལ། རྗེ་རེད་མདའ་པ་ཆེན་པོའི་ཞབས་ལ་གཏུགས་ཏེ་གཞུང་ལུགས་རབ་འབྱམས་ལ་སྦྱངས་པས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན།

གཙང་གི་ཆོས་གྲྭ་ཆེན་པོ་རྣམས་སུ་དཀའ་བཅུའི་གྲྭ་སྐོར་མཛད། དགུང་ལོ་བཅུ་དྲུག་སྟེང་བོ་དོང་པཎ་ཆེན་གྱིས་རིགས་གཏེར་བཀག་པ་ལ་རྩོད་པས་ཕམ་པར་མཛད་ཅིང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་ཀྱང་བསྟོད་ཚིག་བུང་བའི་རྒྱུད་མངས་མཛད་དེ་ཕུལ། རྗེ་རེད་མདའ་པ་ལས་བསྙེན་པར་རྫོགས་ཏེ་རྗེ་ཐམས་ཅད་མཁྱེན་པའི་དྲུང་དུ་འབྱོན་བསྐུལ་མཛད་པ་ལྟར་ཕེབས་པའི་ལམ་བར་སྙེ་ཐང་དུ་བཞུགས་པའི་མཚན་ལམ་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་ཤིང་མཐར་རང་ལ་ཐིམ་པ་སོགས་རྨིས། རྗེའི་དྲུང་དུ་མཇལ་བ་ན་མི་ཕྱེད་པའི་དད་པ་འཁྲུངས་ཏེ་རྗེས་འཛིན་གྱི་གསོལ་བ་བཏབ་པ་ལྟར་ནང་ཐུགས་ཀྱི་སྲས་གཅིག་ཏུ་ཞལ་གྱིས་བཞེས་ཤིང་། མདོ་སྔགས་ཀྱི་ཟབ་གནད་མ་ལུས་པ་གནང་བ་སྟེ། དངོས་སྟོབས་རིགས་པའི་དབང་ཕྱུག་རྒྱལ་ཚབ་རྗེ་ལ་མདོ་དང་། སྔགས་ཀྱི་ བསྟན་པའི་བདག་པོ་མཁས་གྲུབ་རྗེ་ལ་གཏད་པའང་ཡིན་ནོ། །

དགུང་གྲངས་ཞེ་བདུན་པར་འཇམ་མགོན་བླ་མའི་ཆོས་ཀྱི་གདན་ཁྲི་ལ་ཕེབས་ཏེ་རྗེའི་གསུང་ཟུར་ཕྲ་མོ་ཙམ་ཡང་གཞན་དང་མ་འདྲེས་པར་འཆད་རྩོད་རྩོམ་གསུམ་གྱིས་བསྐྱངས་ཏེ་དགུང་ལོ་ང་བཞིའི་སྟེང་དག་པ་མཁའ་སྤྱོད་དུ་གཤེགས་སོ། །གསུམ་རྩོམ་པོད་བཅུ་བདུན་བཞུགས།


ཤོས་ངོས་འདིའི་དཔྱད་གཞིའི་ཡིག་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།
འཇིགས་མེད་ཆོས་ཀྱི་རྡོ་རྗེ་ལགས་ཀྱིས་སྒྲིག་རྩོམ་བྱས་པ་ལས་ཟུར་འདོན་བྱས།