༄༅། ། རྒྱལ་ཚབ་དར་མ་རིན་ཆེན་ནི་གཙང་ཉང་སྟོད་ཀྱི་ཆར་( ༡༣༦༤ ) ལོར་འཁྲུངས་ཤིང་། གནས་སྙིང་དུ་མཁན་ཆེན་རིན་ཆེན་རྒྱལ་མཚན་ལས་རབ་ཏུ་བྱུང་སྟེ་མཚན་དར་མ་རིན་ཆེན་དུ་གསོལ། རྗེ་རེད་མདའ་པ་སོགས་བླ་མ་མང་པོའི་ཞབས་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ལ་སྦྱངས། དགུང་ལོ་ཉེར་དགུའི་སྟེང་རྗེ་རེད་མདའ་པ་ལས་བསྙེན་པར་རྫོགས།

ས་སྐྱ་དང་། གསང་ཕུ། རྩེད་ཐང་རྣམས་སུ་དཀའ་བཅུའི་གྲྭ་སྐོར་མཛད་དེ་གྲགས་པ་རྒྱས་ཤིང་། རེད་མདའ་པས་ཀྱང་། རྩོད་པ་མཆོག་གྱུར་དར་མ་རིན་ཆེནདང་། །ཞེས་བསྔགས། ཁྱད་པར་རྗེ་བདག་ཉིད་ཆེན་པོའི་ཞབས་པད་བསྟེན་ཏེ་འཁོར་གྱི་ཐོག་མར་འབྲལ་མེད་བཞུགས་ཤིང་གསུང་གི་བདུད་རྩི་ཅི་ཡང་མྱངས། རྗེ་ཞིང་བརྗེ་བར་དགོངས་པའི་དུས་ན་ན་བཟའ། སྐུ་བེར། དབུ་ཞྭ་སྣེ་རིང་རྣམས་གནང་སྟེ། དོན་འདི་གོ་བར་གྱིས་གསུངས་ཏེ་དགུང་ལོ་ང་དྲུག་སྟེང་གསེར་ཞུན་ཅོད་པན་འཆང་བའི་རྒྱལ་ཚབ་ཏུ་མངའ་གསོལ། དེ་ཚེ་མཁས་གྲུབ་ཐམས་ཅད་མཁྱེན་པས། དཔལ་ལྡན་ཡོན་ཚོགས་མའི་བསྟོད་པ་མཛད་ཅིང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་ཀུན་འཁོར་རྨད་དུ་བྱུང་བའི་ལམ་ནས་བསྟོད་པ་གནང་། དེར་མདོ་སྔགས་སྤྱི་དང་ཁྱད་པར་དུ་རྣམ་འགྲེལ་གྱི་བཤད་པ་ཞིབ་རྒྱས་གནང་སྟེ་འཆད་ཉན་ལོ་བཅུ་གསུམ་གྱི་བར་བསྐྱངས། ཁྲི་ཟུར་ནས་ཀྱང་རྩེ་གཅིག་སྒྲུབ་པ་ལ་གཞོལ་ཞིང་། མདོར་ན་རྗེའི་བུ་སློབ་ཕལ་ཆེ་བས་གཙུག་རྒྱན་དུ་བཀུར་བ་དང་། གསུངས་ལས་སྐྱེས་པའི་བུ་སློབ་མང་དུ་བྱོན། མཐར་པོ་ཏ་ལར་དགུང་ལོ་རེ་དགུའི་སྟེང་དག་ཞིང་དུ་ཕེབས། གསུང་རྩོམ་པོད་དགུ་བཞུགས།


ཤོས་ངོས་འདིའི་དཔྱད་གཞིའི་ཡིག་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།
འཇིགས་མེད་ཆོས་ཀྱི་རྡོ་རྗེ་ལགས་ཀྱིས་སྒྲིག་རྩོམ་བྱས་པ་ལས་ཟུར་འདོན་བྱས།