བསྟན་པའི་སྙིང་པོ་གསང་སྔགས་སྔ་འགྱུར་རྙིང་མའི་བྱུང་བ་ནི། 

སོ་རུ་དར་རྒྱས་ནས།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ། རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང༌། བྲམ་ཟེ་ཤམ་ཀ་ར། བལ་པོའི་སློབ་དཔོན་ཤིའལ་མཉ྄ཛུ་རྒྱ་ནག་གི་སློབ་དཔོན་མཱ་ཧཱ་ཡཱ་ན་སོགས་སྤྱན་དྲངས་ནས་སྡེ་སྣོད་གསུམ་དང་རྒྱུད་ཀྱི་རིམ་པ་ཡང་མང་ཙམ་བསྒྱུར་ཞིང་བསྟན་པའི་སྲོལ་བཏོད། དངོས་སུ་འཆད་ཉན་རྒྱ་ཆེན་མ་བྱུང་ཡང་རྒྱལ་པོ་རང་གིས་སྐལ་ལྡན་དུ་མར་ལྐོག་ཆོས་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་གདམས་པ་བསྩལ་ནས་ཉམས་བཞེས་མཛད་པ་སོགས་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་མདོ་ཙམ་བྱུང་ཞིང༌། རྒྱ་ཆེ་བ་ནི་ཁྲི་སྲོང་གི་སྐབས་སུ་མཁན་ཆེན་ཞི་བ་འཚོ་སྤྱན་དྲངས། དེས་དགེ་བ་བཅུ་སོགས་ལས་བརྩམས་པའི་ཐུན་མོང་མདོ་ཕྱོགས་ཀྱི་ཆོས་ཚུལ་མཐའ་དག་གསུངས་ཤིང༌། ཁྱད་པར་ཟབ་གསང་རྡོ་རྗེ་ཐེག་པའི་བསྟན་པ་དར་རྒྱས་འབྱུང་བའི་ཆེད་དུ་རྒྱལ་ཀུན་འཕྲིན་ལས་གཅིག་ཏུ་འདུས་པ་ཨོ་རྒྱན་པདྨ་འབྱུང་གནས་སྤྱན་འདྲེན་དགོས་པའི་ལུང་གིས་བསྐུལ་ཞིང་རྒྱལ་པོས་ཀྱང་ཇི་ལྟར་གདན་འདྲེན་དུ་བཏང་བ་བཞིན་གདུལ་བྱ་དུས་ལ་བབ་པར་དགོངས་ནས། སློབ་དཔོན་ཆེན་པོས་བོད་ཀྱི་ཁྱོན་ལ་གནས་པའི་ནག་ཕྱོགས་ལྷ་འདྲེའི་རིགས་མཐུ་བོ་ཆེ་རྣམས་ཐུགས་རྗེས་གཟིར་ཞིང་དམ་བཞག་མཛད་དེ་བྲག་དམར་འོམ་བུའི་ཚལ་དུ་ཞལ་འཛོམས། མཁན་སློབ་ཆེོས་གསུམ་བཀའ་བགྲོས་ནས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཤིང་མཁན་སློབ་གཉིས་ཀྱིས་རབ་ཏུ་གནས་པའི་ཆོ་ག་དང་རྟེན་འབྲེལ་དགའ་སྟོན་བཅས་གྲུབ་པ་ན། དེའི་ཚེ་རྒྱལ་པོའི་དགོངས་པར་མདོ་སྔགས་ཀྱི་བསྟན་པ་དངོས་གཞི་འཛུགས་པར་དགོངས་ཏེ། བོད་ཕྲུག་བློ་གསལ་རྣམས་ལ་ལོ་ཙཱ་བསླབ། རྒྱ་གར་ནས་པཎ་ཌི་ཏ་ལྔ་བརྒྱའི་གཙུག་རྒྱན་སློབ་དཔོན་བི་མ་ལ་མི་ཏྲ་སོགས་མཁས་གྲུབ་་ཀྱི་དྭངས་བཅུད་དུ་མ་སྤྱན་དྲངས་ནས་སད་མི་མི་བདུན་སོགས་རབ་བྱུང་ངུར་སྨིག་གི་སྡེས་ཁྱབ་པར་མཛད།

བཻ་རོ་ཙ་ན་སོགས་ལོ་ཙཱ་པ་རྣམས་ཀྱིས་མདོ་སྔགས་ཀྱི་བཀའ་དང་བསྟན་བཅོས་གལ་ཆེ་བ་རྣམས་ཚིག་བསྒྱུར་ཙམ་ལ་རག་མ་ལུས་པར་མཁྱེན་པའི་རྩལ་གྱིས་དོན་ཐོག་ཏུ་བསྒྱུར་ཞིང་གཏན་ལ་ཕབས། བཻ་རོ་ཙ་ནས་སློབ་དཔོན་ཤྲིའ་སིང་ཧ་ལས་རྫོགས་པ་ཆེན་པོ་དང༌། ན་མཁའི་སྙིང་པོས་སློབ་དཔོན་ཧཱུྃ་ཀ་ར་ལས་ཡང་དག་པའི་ཆོས་སྐོར་གསན་ཅིང་སོ་སོས་ཉམས་སུ་བླང་ཞིང་སྒྲུབ་པས་གྲུབ་པའང་ཐོབ་ནས་བོད་དུ་སྣོད་ལྡན་རྣམས་ལ་སྤེལ་བས་འཇའ་ལུས་གྲུབ་ཅིང་གྲུབ་རྟགས་ཐོན་པ་མང་པོ་བྱུང༌། གཞན་ཡང་སློབ་དཔོན་ཆེན་པོ་པདྨས་སྐལ་ལྡན་གྱི་རྗེ་འབངས་འགའ་ལ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བཞིས་སྨིན་པར་མཛད་དེ་གྲུབ་པའི་དབང་ཕྱུག་ཉེར་ལྔ་སོགས་ཆོས་ཟད་བློ་འདས་ཀྱི་ངོ་བོར་བཞུགས་པའི་རྣལ་འབྱོར་ཆེན་པོ་གྲངས་ལས་འདས་པ་དང༌། མཚན་ཉིད་ཐེག་པའི་བཤད་གྲྭ  གསང་སྔགས་ཀྱི་སྒོམ་གྲྭ་དུ་མས་བོད་ཀྱི་ཁྱོན་ཀུན་ཁྱབ། དབུ་ཟླུམ་མདོ་དང༌། ལྕང་ལོ་སྔགས་པ་སྟེ་རྗེ་འབངས་རྣམས་ཀྱི་དབུ་ཡི་མཆོད་གནས་རྣམ་གཉིས་སུ་བཀས་བཅད། ཆབ་སྲིད་དམ་པའི་ཆོས་ཀྱིས་སྐྱོང་བའི་དུས་སྐབས་འདི་ཙམ་ན་བོད་ཀྱི་བདེ་སྐྱིད་ལྷ་དང་མཉམ་པར་གྲགས། འོན་ཀྱང་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་ལྷམ་མེར་བསྩལ་ནས་སྙིགས་དུས་ཀྱི་འགྲོ་ལ་ལྷག་པར་ཐུགས་བརྩེ་བས་ཟབ་མོའི་ཆོས་རྣམས་ལ་རྟོག་གེའི་བསྲེ་བསླད་མེད་པར་བཞུགས་ཤིང་བསྟན་པ་སྲུང་བའི་ཆེད་དུ་དྲག་སྔགས་ཀྱི་རིགས་ཀྱང་མང་དུ་གསུངས་ཤིང་མཁའ་འགྲོའི་བརྡ་ཡིག་སོགས་དཔེ་དུ་མ་བོད་ཀྱི་རི་བྲག་མཚོ་གསུམ་དང༌། གཞན་ཡང་ལས་ཅན་གྱི་དགོངས་པའི་ཀློང་དུ་བསྟིམ་པ་སོགས་མི་ཤིགས་པའི་རྒྱས་བཏབ་ནས་གཏེར་སྲུང་རྣམས་ལ་གཉེར་དུ་གཏད། ནམ་ཞིག་དུས་ལ་བབ་པའི་ཚེ་སྐལ་ལྡན་གྱི་སྐྱེས་བུ་སོ་སོས་གཏེར་ནས་བཏོན་ཏེ་དུས་ཀྱི་རྒུད་པ་སེལ་ཞིང་གཏེར་ཁ་སོ་སོར་བསྙེན་བསྒྲུབ་ཡན་ལག་རྣམ་བཞིས་ཉམས་སུ་བླངས་པས་མཆོག་མཐུན་གྱི་དངོས་གྲུབ་ཐོབ་པ་དུས་ད་ལྟའང་མཐོང་ཆོས་སུ་གནས་བཞིན་པ་འདི་དག་དང༌། འཛམ་གླིང་གི་འགྲོ་བ་རྣམས་སྲོག་གི་འཇིགས་པ་ལས་གྲོལ་བའི་ཕྱིར་འཆི་མེད་པད་མ་འབྱུང་གནས་ཉིད་ལྷོ་ནུབ་སྲིན་ཡུལ་ཟངས་མདོག་དཔལ་རིར་རྫུ་འཕྲུལ་གྱི་བཀོད་པ་དུ་མ་དང་བཅས་འཇིག་རྟེན་འདི་མ་སྟོང་གི་བར་གཡོ་མེད་རྟག་ཁྱབ་ཆེན་པོར་བཞུགས་པར་གྲགས། དེ་ནས་མངའ་བདག་ཁྲི་རལ་གྱིས་ཡབ་མེས་ཀྱི་བཀའ་སྲོལ་ལྟར་གཙུག་ལག་ཁང་མང་དུ་བཞེངས། སྔར་བསྒྱུར་བའི་གསུང་རབ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། རྒྱལ་པོའི་དབུ་སྐྲ་ལ་དར་ཡུག་གཉིས་བཏགས་པའི་སྣེར་རབ་བྱུང་ངུར་སྨྲིག་དང༌། གོས་དཀར་ལྕང་ལོའི་སྡེ་གཉིས་བཞུགས་སུ་གསོལ་ཞིང་དབུ་ཡི་མཆོད་གནས་སུ་བཀུར་བ་སོགས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཀའ་དྲིན་གཞལ་དུ་མ་མཆིས་ལ། དེ་རྗེས་བསྟན་པའི་འཕེལ་འགྲིབ་ཙམ་ལས་ད་ལྟའི་བར་རྒྱལ་བསྟན་དྲི་མ་མེད་པ་གསལ་བར་འཛིན་པའི་ཆེ་བ་དྲུག་ལྡན་གསང་སྔགས་སྔ་འགྱུར་རྙིང་མའི་བཞེད་སྲོལ་འདི་ཉིད་དར་རྒྱས་སུ་གནས་སོ།།