དཔལ་ལྡན་ས་སྐྱ་བའི་བྱུང་བ་ནི།

སོ་རུ་དར་རྒྱས་ནས།

 མཚན་མཆོག་གསུམ་ལྡན་གྱི་གདུང་ལས་བྱུང་སྟེ། དེ་ཡང་འོད་གསལ་གནམ་ལྷ་གཡུ་རིང་བསིལ་ལྗོངས་སུ་བབས་པ་ནས་གཡའ་སྤང་སྐྱེས་བར་གདུང་རབས་ལྔ་ལ། ༡ ལྷ་རིགས་ཞེས་གྲགས། དེ་དང་སྲིན་པོ་འཁོན་བར་སྲས་གཅིག་འཁྲུངས་པ་འཁོན་བར་སྐྱེས་ནས་གདུང་རབས་བཅུའི་རིང་ལ། ༢ འཁོན་གདུང་ཞེས་བྱ། དེ་ནས་འཁོན་དཀོན་ཅོག་རྒྱལ་པོས་གསང་སྔགས་གསར་མའི་གྲུབ་མཐའ་འཛིན་པའི་དབུ་བཙུགས་ཤིང༌། དབོན་པོ་རི་ལ་ས་དཔྱད་ལེགས་པར་གཟིགས་ཏེ་ས་དཀར་ལོགས་ལ་དགོན་པ་བཏབ་པས་གནས་ལ་མིང་ཆགས། ༣ དཔལ་ལྡན་ས་སྐྱ་པ་ཞེས་གྲགས། དེའི་སྲས་ས་ཆེན་ཀུན་དགའ་སྙིང་པོས་ྋརྒྱལ་བའི་བཀའ་དང༌། འཕགས་ཡུལ་གྱི་པཎ་གྲུབ་ཆེན་པོ་རྣམས་ཀྱི་དགོངས་འགྲེལ་གྱི་བསྟན་བཅོས་རྣམ་དག་ཕལ་མོ་ཆེ་འབྲོག་མིས་གཙོས་ལོ་ཙཱ་བ་ཆེན་པོ་བཞི་ཡིས་ལེགས་པར་བཀྲལ་བའི་ཆོས་བརྒྱུད་ཀྱིས་མཚོན་གངས་ལྗོངས་སུ་དར་བའི་སྡེ་སྣོད་ཟབ་དོན་རྒྱ་མཚོའི་བཀའ་བབས་ཤིང་བསྟན་པའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་པོར་གྱུར། དེའི་སྲས་ཀུན་དགའ་འབར་ནི་འཕགས་ཡུལ་མ་གྷ་དྷར་གཞོན་ནུའི་དུས་ནས་གཤེགས།

སློབ་དཔོན་བསོད་ནམས་རྩེ་མོ་ནི། རབ་འབྱམས་གཞུང་ལུགས་རྒྱ་མཚོར་གསན་བསམ་མཐར་ཕྱིན་ཏེ་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས། གདན་སར་བཞུགས་ནས་ཆོས་འཁོར་བསྐོར། མཐར་ཆོས་ཁྲིའི་སྟེང་ནས་འཇའ་ལུས་འོད་སྐུར་གཤེགས་པར་ཡོངས་སུ་གྲགས།

རྗེ་བཙུན་གྲགས་པ་རྒྱལ་མཚན་ནི། དགུང་ལོ་བཅུ་གཅིག་གི་སྐབས་ཙམ་ནས་ཆོས་གསུངས་པས་བཤད་པ་ནི་ཤིན་ཏུ་ཟབ་པའི་རྐྱེན་གྱིས་ཐམས་ཅད་ཡ་མཚན་དུ་གྱུར་ཕྱི་ནང་གི་ཆོས་ལ་སྒྲོ་འདོགས་ཆོད་དེ་ཐུགས་དམ་ཁོར་ཡུག་གི་ལམ་རྟགས་མངོན་དུ་གྱུར་པས་འཕགས་ཡུལ་གྱི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བྷ་དྲ་སོགས་ཀྱིས་རྡོར་འཛིན་བྱེ་བའི་གཙུག་རྒྱན་དུ་མཆོད།

དཔལ་ཆེན་འོད་པོའི་སྲས་ས་སྐྱ་པཎ་ཌི་ཏ་ཆེན་པོ་ནི། སྐུའི་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང༌། འཆད་རྩོད་རྩོམ་གསུམ་གྱི་རྣམ་དཔྱོད་འགྲན་ཟླ་བྲལ་བའི་གྲགས་སྙན་ས་ཡི་ཁྱོན་ལ་ཁྱབ་ཅིང༌།  བོད་ལྗོངས་སུ་བཅུ་ཕྲག་རིག་པ་ཞེས་པའི་མཚན་དོན་གཉིས་ཀ་དེ་ནས་བྱུང་བར་གྲགས། ཆེན་པོ་ཧོར་གྱི་རྒྱལ་པོས་གདན་དྲངས་ྋརྒྱལ་བའི་བསྟན་པ་མཐའ་ཁྱབ་ཏུ་སྤེལ་བར་མཛད།

ས་པཎ་གྱི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི། ྋརྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་ཕྱག་རྗེས་ཆེ་ཞིང༌། ཧོར་སེ་ཆེན་རྒྱལ་པོ་དང་མཆོད་ཡོན་དུ་འབྲེལ། ཆོས་སྲིད་ཀྱི་མངའ་ཐང་ཆེ་བས་བོད་ཆོལ་ཁ་གསུམ་གྱི་བདག་པོར་གྱུར། བོད་ལ་བླ་མས་རྒྱལ་པོ་གནང་བའི་ཐོག་མ་ཡིན། དེའི་སྐུ་མཆེད་འགྲོ་མགོན་ཕྱག་ན་ཞེས་བརྟུལ་བཞུགས་གྲུབ་པའི་ས་སྐྱོང་དང༌། གངས་ལྗོངས་མདོ་སྔགས་ཀྱི་ཤིང་རྟ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཏེ་རིགས་གསུམ་མགོན་པོ་དང༌། འཇམ་དབྱངས་བདུན་བརྒྱུད་དུ་གྲགས་པ་སོགས་ས་ཆེན་གོང་མ་རྣམས་དང༌། དེ་དག་གི་སློབ་རྒྱུན་གྲངས་ལས་འདས་པ་རྣམས་ཀྱིས་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུས་ནས་བཟུང་སྟེ་གངས་ལྗོངས་སུ་དར་བའི་ཐུབ་བསྟན་ཡོངས་རྫོགས་ལ་འཆད་ཉན་སྤེལ་གསུམ་ཧ་ཅང་དར་དྲགས་པས་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ཕལ་མོ་ཆེས་ས་སྐྱའི་སློབ་རྒྱུན་དུ་མ་གཏོགས་པ་མེད་པ་ལྟ་བུར་གྱུར། ལྷག་པར་མདོ་ཕྱོགས་ཀྱི་བསྟན་འཛིན་གཡག་གཞོན་རོང་གསུམ། སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་ཚར་གསུམ་ལ་སོགས་པའི་སློབ་མ་ཡང་སློབ་དང་བཅས་མཁས་པའི་རྩེར་སོན་གྲུབ་པའི་དབང་ཕྱུག་སྐྱེས་བུ་དམ་པ་དེང་སང་གི་བར་རིམ་བྱོན་རྣམས་ཀྱིས་བཀའ་སྡེ་སྣོད་རབ་འབྱམས་དང་དགོངས་འབྲེལ་གྱི་བསྟན་བཅོས་པོད་ཆེན་དྲུག གྲགས་ཆེན་བཅོ་བརྒྱད་སོགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་དང༌། སྔགས་ལ་ཟབ་དོན་མཐར་ཐུག་སྙན་བརྒྱུད་ཚད་མ་བཞི་ལྡན། གསུང་ངག་ལམ་འབྲས་ཀྱིས་མཚོན་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པའི་རྒྱུད་སྡེ་ཆེན་པོ་བཞི་ཡི་དབང་རྒྱུད་བཤད། མན་ངག་སྙན་བརྒྱུད་མཐའ་དག་བཅས་ལ་འཆད་ཉན་སྒོམ་པ་མཐར་ཕྱིན་པའི་ཉམས་བཞེས་ཀྱིས་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་མཛད་ཅིང༌། རིང་ལུགས་འཛིན་པའི་འདུས་སྡེ་ཡང༌། སྟོད་རྒྱ་བལ་ལ་དྭགས་མངའ་རིས་མན་ཆད་ནས། སྨད་ཙི་ན་སོག་པོ་རྒྱ་རོང་ཨ་མདོ་ཡན་ཆད་དུ་དགོན་སྡེ་ཆེ་ཕྲ་གྲངས་ལས་འདས་པ་ཤིན་ཏུ་མང་པོ་ཕྱག་བཏབ་ཅིང་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་འཁྲུལ་པའི་དྲི་བྲལ་འཇམ་མགོན་ས་སྐྱ་པའི་རིང་ལུགས་ཕྱོགས་ཀུན་དར་ཞིང་རྒྱས་པར་འགྱུར་བཞིན་པའི་སྐབས་ལགས་སོ།།