སློབ་དཔོན་སངས་རྒྱས་བསྐྱངས།

༄༅།། སློབ་དཔོན་སངས་རྒྱས་བསྐྱངས་ནི།

ལྷོ་ཕྱོགས་སུ་སྐུ་འཁྲུངས། རྒྱལ་བའི་བསྟན་པ་ལ་ཞུགས་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་གྲུབ་མཐའ་རྒྱ་མཚོའི་ཕྱི་རོལ་ཏུ་སོན། ཀླུ་སྒྲུབ་ཀྱི་དྲུང་དུ་བསྙེན་ཏེ་མདོ་སྔགས་ཀྱི་མན་ངག་ཡོངས་སུ་རྫོགས་པ་གསན། སྒྲུབ་པ་ལྷུར་ལེན་མཛད་པས་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་གྲུབ་ཅིང་། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ནས་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུད་དྷ་པཱ་ལི་ཏ་སོགས་བསྟན་བཅོས་ཤིན་ཏུ་མང་པོ་མཛད་དོ། །

འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན༎ བཏགས་ཡོན་མིང་རྐྱང་ཙམ་གྱི་ཟབ་མོའི་གནད༎ གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ༎ སངས་རྒྱས་བསྐྱངས་ཀྱི་ཞབས་གསོལ་བ་འདེབས༎