སློབ་དཔོན་སེང་གེ་བཟང་པོ།

༄༅།། ཞི་བ་འཚོའི་སློབ་མ་སློབ་དཔོན་སེངྒེ་བཟང་པོ་ནི།

རྒྱལ་རིག་སུ་སྐུ་འཁྲུངས། འདི་མའི་མངལ་ན་གནས་པའི་ཚེ་མ་ལ་སེངྒེའི་གནོད་པ་བྱུང་སྟེ་མའི་ལུས་སེངྒེས་ཟོས་ཀྱང་ཁྱེའུ་སེངྒེས་མ་ཟོས་པར་བདེ་བར་སྐྱེས་པས་སེང་གེ་བཟང་པོ་ཞེས་བཏགས་པར་གྲགས། དེ་ཉིད་ནར་སོ་པ་ན་ཁྱིམ་གྱི་འདུ་འཛི་ལ་མ་ཆགས་པར་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས།

མཁན་ཆེན་ཞི་བ་འཚོ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ་ཟབ་པ་དང་། རྒྱ་ཆེ་བའི་ལམ་གྱི་རིམ་པའི་མན་ངག་རྣམས་རྫོགས་པར་གསན། ཇི་ལྟར་གསན་པ་ལྟར་དམིགས་རྣམ་གོམས་པ་ལྷུར་ལེན་པས་རྒྱལ་བའི་བསྟན་པའི་སྙིང་པོ་ལམ་གྱི་རིམ་པའི་ལུས་ཡོངས་རྫོགས་ལ་མྱོང་བ་ཁྱད་པར་ཅན་འཁྲུངས་ཏེ་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པར་བཞེད་ནས་མཁན་ཆེན་ཞི་བ་འཚོ་ལ་རྗེ་བཙུན་བྱམས་པའི་སྒྲུབ་ཐབས་ཞུས་ནས་བསྒྲུབས་པས། དགེ་སློང་གུར་གུམ་གྱི་མདོག་ཅན་སྤྱོད་ལམ་མཛེས་པ་ཞིག་རྨི་ལམ་དུ་བྱོན་ཏེ་ཤར་ཕྱོགས་ཁ་སར་པ་ནིར་སོངས་ཤིག་ཅེས་ལུང་བསྟན་པ་ལྟར་དེར་ཕེབས་ནས་ཞག་གསུམ་དུ་སྨྱུང་གནས་མཛད་དེ་རྨི་ལམ་བརྟགས་པས་ཐོ་རེངས་ཀྱི་རྨི་ལམ་ན། ཨོརཱནྟ་པུ་རི་བི་ཧ་རའི་གན་རྡོ་ལའི་སྟེང་གི་ནམ་མཁའ་ལ་སྤྲིན་ཕུང་མཐུག་པོ་ཞིག་གི་གསེབ་ན་ལྟའི་བུ་དང་བུ་མོ་མང་པོས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པ་བྱེད་པ་མཐོང་སྟེ་ཅི་བྱེད་དྲིས་པས། རྗེ་བཙུན་བྱམས་མགོན་བརྒྱད་སྟོང་པ་གསུངས་པ་ལ་མཆོད་པ་བྱེད་པ་ཡིན་ཟེར། རིང་དུ་བལྟས་པས་རྗེ་བཙུན་ཞལ་གསེར་གྱི་མདོག་ཅན་སྤྱི་གཙུག་མཆོད་རྟེན་གྱིས་སྨྲས་པ་ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཞིག་མཇལ་བ་ན། ཕྱག་དང་མཆོད་པ་བྱས་ཏེ་ཉིད་ཀྱི་བསྟན་བཅོས་ལ་དེང་སང་འགྲེལ་པ་མང་པོ་མཆིས་ན་གང་གི་རྗེས་སུ་འབྲང་བར་བྱ་ཞེས་ཞུས་པས། དེའི་ཞལ་ནས་ཁྱོད་ཀྱིས་ཐམས་ཅད་ཀྱི་གཞུང་ལེགས་པར་བརྟགས་ཏེ་འཐད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ལ་འགྲེལ་པ་རྩོམས་ཤིག་ཅེས་གནང་བ་ཐོབ། མནལ་སད་དེ་མཆོད་པ་བྱས་ནས་བསྟན་བཅོས་བརྩམ་པའི་སྦྱིན་བདག་བཙལ་བའི་ཕྱིར་ཤར་ཕྱོགས་ཁ་སརཱ་པ་ནི་ནས་ནུབ་ཕྱོགས་སུ་བྱོན་པ་ན། རྒྱལ་པོ་དྷརྨ་པ་ལས་ཡུམ་འཆད་པ་ལ་སློབ་དཔོན་སེངྒེ་བཟང་པོ་མཁས་པར་ཐོས་ནས་གདན་འདྲེན་དུ་བཏང་བའི་ཕོ་ཉ་དང་ཕྲད། དེར་ཕེབས་ཏེ་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་དགེ་འདུན་སྟོང་ཕྲག་མང་པོ་ལ་ཤེར་ཕྱིན་གྱི་མན་ངག་རྒྱ་ཆེར་འདོམས་པར་མཛད། རྒྱལ་པོ་དྷརྨ་པ་ལས་སྦྱིན་བདག་བྱས་ནས་བྱམས་མགོན་གྱི་ལུང་བསྟན་ལྟར་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་སོགས་བསྟན་བཅོས་ཤིན་ཏུ་མང་པོ་ཞིག་བརྩམས་ཏེ་སྐལ་བ་དང་ལྡན་པ་རྣམས་ལ་བཀའ་དྲིན་ཟླ་མེད་དུ་མཛད་དོ། ། 

༄༅།། ཡུལ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ༎ མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ༎ ཡུལ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི༎ སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས༎