༄༅། །སློབ་དཔོན་ཕྱོགས་གླང་ནི།
ལྷོ་ཕྱོགས་ཀཉྩའི་ཡུལ་དང་ཉེ་བར་བྲམ་ཟེའི་རིགས་སུ་འཁྲུངས་ཤིང་། མུ་སྟེགས་ཀྱི་གྲུབ་མཐའ་ལ་མཁས་པར་གྱུར། ཕྱིས་གནས་མའི་བུའི་སྡེ་བའི་གླང་བོ་བྱིན་ལས་རབ་ཏུ་བྱུང་།
སློབ་དཔོན་དབྱིག་གཉེན་བསྟེན་ཏེ་ཚད་མ་སོགས་ལ་མཁས་པར་སྦྱངས། མདོ་ལྔ་བརྒྱ་ཐུགས་ལ་བཟུང་སྟེ་འཇམ་པའི་ད་དབྱངས་ཀྱི་ཞལ་གཟིགས། ན་ལེནྡྲར་ཕྱི་ནང་གི་རྩོད་པ་ཆེན་པོ་བྱུང་དུས་བྲམ་ཟེ་སུ་དུན་ཛ་ཡ་ལ་སོགས་པ་ཚར་བཅད་དེ་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་མཛད།
མུ་སྟེགས་ནག་པོ་ཐུབ་རྒྱལ་རྩོད་པས་ཕམ་པར་བྱས་ཤིང་། འཇམ་པའི་དབྱངས་ཀྱི་གསུང་གིས་བསྐུལ་པ་ལྟར་ཚད་མ་ཀུན་བཏུས་བརྩམས། སངས་རྒྱས་མང་པོའི་ཞལ་གཟིགས་ཤིང་ཚུལ་ཁྲིམས་དག་པའི་བདེན་སྟོབས་ཀྱིས་སྨན་ཤིང་ཀུན་ཕན་ཐོགས་པ་ཞིག་བསྐམས་པ་སྨོན་ལམ་ཙམ་གྱིས་སླར་སོར་ཆུད་པར་གྱུར་པ་སོགས་ངོ་མཚར་བའི་རྣམ་ཐར་མང་། ཁྱད་པར་དུ་ཚད་མ་ཀུན་བཏུས་ལ་སོགས་པའི་སྒོ་ནས་བསྟན་པ་དང་སྟོན་པ་མི་བསླུ་བར་བསྒྲུབས་པས་རང་བསྟན་གྱི་སྲོག་ཤིང་འཛིན་པ་ཟླ་དང་བྲལ་བའོ། །
༄༅ ། །ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །སྟོན་ཕྱིར་ཚད་མ་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །
ཤོས་ངོས་འདིའི་དཔྱད་གཞིའི་ཡིག་ཆ་ཁག་ཅིག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།
འཇིགས་མེད་ཆོས་ཀྱི་རྡོ་རྗེ་ལགས་ཀྱིས་སྒྲིག་རྩོམ་བྱས་པ་ལས་ཟུར་འདོན་བྱས།