༄༅ ། །སྤྱན་རས་གཟིགས་དབང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི།

གནམ་རི་སྲོང་བཙན་གྱི་སྲས་སུ་རྒྱ་མ་ཁྲི་སྒང་གི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྤྱི་ལོ་ ༦༡༧ ལོར་སྐུ་འཁྲུངས། དབུའི་གཙུག་ན་འོད་དཔག་མེད་ཀྱི་དབུ་དངོས་སུ་ཡོད་པ་ལ་དུས་རྒྱུན་དུ་ལ་ཐོད་ཀྱིས་དྲིལ་ཏེ་ཡོད།

དགུང་ལོ་བཅུ་གསུམ་སྟེང་རྒྱལ་སྲིད་དུ་དབང་བསྐུར། བཅོ་ལྔའི་སྟེང་སྤྲུལ་པའི་དགེ་སློང་ཨཱ་ཀ་ར་མ་ཏི་ཤྲཱི་ལས་སིང་ག་ལའི་རྒྱ་མཚོའི་འགྲམ་ནས་ཙན་དན་སྦྲུལ་སྙིང་ལས་རང་བྱོན་གྱི་སྤྱན་རས་གཟིགས་ཡིད་བཞིན་ནོར་བུ་ཞལ་བཅུ་གཅིག་པ་དང་། རྒྱ་བོད་མཚམས་ཀྱི་ནགས་ཁྲོད་ནས་ཙན་དན་ཧ་རིའི་སྡོང་བོ་ལས་རང་བྱོན་མཆེད་བཞི་བྱོན་པའི་བཞི་བཅས་ཐུགས་དམ་གྱི་རྟེན་དུ་གདན་དྲངས། དགུང་ལོ་བཅོ་བརྒྱད་པར་བལ་བཟའ་ཁྲི་བཙུན་ཁབ་ཏུ་བསུས་ཏེ་རྒྱལ་པོ་ཀྲི་ཀྲིའི་ཐུགས་དམ་གྱི་རྟེན་བྱམས་པ་ཆོས་འཁོར་མ་དང་། རྒྱལ་པོ་ཀྲི་ཀྲྀས་བཞེངས་པའི་སྟོན་པ་དགུང་ལོ་བརྒྱད་པའི་སྐུ་ཚད་ཅན་སངས་རྒྱས་འོད་སྲུངས་ཀྱིས་རབ་གནས་ཅན་ཇོ་བོ་མི་བསྐྱོད་རྡོ་རྗེ། རང་བྱོན་སྒྲོལ་མ་བཅས་གདན་དྲངས། ཉེར་གསུམ་པ་ལ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་ཤིང་། དུས་མཚུངས་པར་ར་མོ་ཆེ་དང་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་མང་པོ་བཞེངས།

སློབ་དཔོན་ཐོན་མི་རྒྱ་གར་དུ་བརྫངས་ཏེ་བོད་ཡིག་གསར་དུ་བཟོས་ཤིང་། ཐུགས་རྗེ་ཆེན་པོའི་ཆོས་སྐོར་གཙོ་བྱས་པའི་གསུང་རབ་མང་ཞིག་བསྒྱུར། ཐེག་ཆེན་གྱི་བསྟན་པ་ལ་སྒོམ་སྒྲུབ་གཙོ་བོར་བྱེད་ཅིང་གཏན་ཁྲིམས་ལྔ་བཅས་ཏེ་ཁྲིམས་དང་ཁྲིམས་ཆེན་པོ་ལྔ་སོགས་གཏན་ལ་ཕབ། ཐུན་མོང་ལ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅོས། མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་ནས་ཆབ་སྲིད་ཀྱི་དབུ་འཕང་མཐོ་ཞིང་། མངའ་རིས་ཀྱི་རྒྱ་ཁྱོན་བསྐྱེད་པ། རྒྱལ་ས་ལྷ་སར་སྤོས་ཏེ་ཕོ་བྲང་པོ་ཏ་ལར་ལུགས་གཉིས་ཀྱི་གཞུང་ས་བཙུགས་པ་སོགས་ཕྱག་རྗེས་སྔོན་བྱུང་མ་མྱོང་བ་བསྐྲུན། ཐོན་མི་སློབ་དཔོན་དུ་བཀུར་ཏེ་ཡི་གེ་དང་། རིག་པའི་གནས་མང་པོར་སྦྱངས། སྒོམ་སྒྲུབ་མཛད་དེ་རྟོགས་པ་ཀློང་དུ་བརྡོལ། གསུང་རྩོམ་པོད་གཉིས་བཞུགས་པ་ལ་བསྟན་སྲིད་གཉིས་ཆར་གྱི་གནད་ཟབ་མོ་མང་དུ་གསུངས་ཡོད། དེ་ལྟར་དགུང་ལོ་རེ་དགུའི་རིང་ཆབ་སྲིད་བསྐྱངས་ཏེ་དགུང་ལོ་གྱ་གཉིས་སྟེང་འཕྲུལ་སྣང་གཙུག་ལག་ ཁང་གི་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་པ་སོགས་དག་པའི་གཟིགས་སྣང་ངོ་མཚར་བ་བཅས་མཛད་པ་རེ་ཞིག་རྫོགས་པར་མཛད།

བཙན་པོ་འདི་དང་། གུང་སྲོང་གུང་བཙན། མང་སྲོང་མང་བཙན། འདུས་སྲོང་མང་པོ་རྗེ། ཁྲི་ལྡེ་གཙུག་བརྟན་ལྔའི་རིང་ལ་ཆོས་ཀྱི་སྲོལ་བཏོད་པས་ཆོས་ཀྱི་གདུང་རབས་ལྔ་ཟེར། གུང་སྲོང་ཡབ་ཀྱི་སྔོན་ལ་གཤེགས་པ་ཕྱེད་དུ་བྱས་ཏེ་ལྷ་ཐོ་ཐོ་རུ་སོགས་ལྔ་ལ་བསྡོམས་པས་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་ཞེས་གྲགས་པ་དང་། མདོར་ན་བཙན་པོ་འདིའི་རིང་ལ་ཆབ་སྲིད་བརྟན་འཇགས་བྱུང་བས་སྐྱིད་པའི་གདུང་རབས་ཀྱི་དབུ་ཚུགས་ཤིང་། ཆོས་ཀྱི་སྲོལ་ཐོག་མར་བཏོད་པ་ལ་ལྟོས་པའི་སྒོ་ནས་ཕྱི་མ་རྣམས་ལས་ཀྱང་ཆེས་རླབས་ཆེན་གྱི་ས་དབང་དུ་གྲགས་སོ། །

ལུགས་ཀྱི་བཀར་བཏགས་རྒྱལ་སྲིད་ཆོས་བཞིན་བསྐྱངས། །ཆོས་ ཀྱི་སྲོལ་ཕྱེས་བོད་འབངས་བདེ་ལ་བཀོད། །སྤྲུལ་པའི་བཀོད་པ་མཛད་བཟང་ཕྱོགས་སུ་ སྤྲོས། །ཆོས་རྒྱལ་སྲོང་བཙན་སྒམ་པོར་ཕྱག་འཚལ་ལོ།།