རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ།

རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ནི་མདོ་རྒྱུད་སོགས་ནས་རྒྱལ་བ་གཉིས་པར་ལུང་བསྟན། ཤར་ཙོང་ཁའི་ཡུལ་དུ་སྐུ་བལྟམས་ཤིང་། སྐུ་ཆུང་དུས་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་དང་ཀརྨ་རོལ་བའི་རྡོ་རྗེ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དབུས་གཙང་དུ་ཕེབས་ཏེ་བཀའ་པོད་ཀྱི་གཞུང་ལ་སྦྱངས་ཏེ་དགུང་ལོ་བཅུ་དྲུག་སྟེང་གྲྭ་སྐོར་མཛད་པས་སྙན་པ་ས་སྟེང་དུ་ཁྱབ། ཉ་དབོན་ཀུན་དགའ་དཔལ་བ་དང་རྗེ་རེད་མདའ་པ་སོགས་བླ་མ་མང་པོའི་ཞབས་ལ་བསྟེན་ཏེ་བཀའ་མདོ་རྒྱུད་གསུང་རབ་མཐའ་དག་ལ་ཞིབ་ཏུ་སྦྱངས་པས་དགུང་ལོ་སོ་གཉིས་སྟེང་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ཏུ་བཙུགས་ནས་གཞུང་བཤད་ཆུ་བོའི་རྒྱུན་ལྟར་གནང་བ་སའི་སྟེང་ལ་སྔར་མ་བྱུང་བའི་འཆད་པའི་རྣམ་ཐར་དང་ལྡན། བླ་མ་དབུ་མ་པ་དང་། གོང་གསུམ་བདེ་ཆེན་པ་སོགས་ བསྟེན་ནས་རྒྱུད་སྡེ་རབ་འབྱམས་ཀྱི་གནད་ལ་སྦྱངས་ཤིང་། དགུང་ལོ་སོ་དྲུག་སྟེང་འཁོར་དག་པ་རྣམ་བརྒྱད་ཁྲིད་དེ་བྱ་བཏང་བ ། ཚེལ་ཕེབས་ནས་བསགས་སྦྱངས་བློར་མི་ཤོང་པ་མཛད། རྫིང་ཕྱིའི་བྱམས་པ་ཞིག་གསོས་བགྱིས་པ་ལ་མཛད་ཆེན་དང་པོ་ཞེས་གྲགས། །

དགུང་ལོ་ཞེ་གཅིག་པར་རྒྱལ་ཚབ་དར་མ་རིན་ཆེན་ནས་སྔར་མ་བྱུང་བ་དཀའ་བཅུའི་གྲྭ་སྐོར་ཚར་ནས་སྐུ་དྲུང་དུ་ཕེབས་པ་ནས་འབྲལ་མེད་ངང་བཞུགས། གཉལ་སྨད་སེང་གེ་རྫོང་དུ་ཕེབས་ནས་འདུལ་བའི་བསྟན་པ་རྨང་ནས་གསོ་བར་མཛད་ཅིང་། དད་ལྡན་གདུལ་བྱའི་ཚོགས་ཆེན་པོ་ལ་ཆོས་སྦྱིན་དང་སྡོམ་པའི་ཁྲིམས་འབོག་པ། ཕྱག་རྫས་གང་བྱུང་དགེ་འདུན་ལ་སྦྱར་བ་རྣམས་ལ་གཉལ་གྱི་ལུང་ར་ཆེན་མོ་ཞེས་གྲགས་པ་སྟེ་མཛད་ཆེན་གཉིས་པའོ། །

དེ་ནས་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བ་དངོས་སུ་ཐུགས་ལ་འཁྲུངས་ཤིང་། དགུང་ལོ་ཞེ་དྲུག་པ་ལ་གནམ་རྩེད་ལྡིང་དུ་འདུལ་བསྟན་དག་ཐེར་སྒོས་ཕྱག་ལེན་ངོས་གཙང་མཛད་པ་དང་། བྱང་ཆུབ་ལམ་རིམ་ཆེན་མོ་བརྩམས། ཞེ་དགུའི་སྟེང་སྔགས་རིམ་ཆེན་མོ་བརྩམས་ཤིང་། དགུང་ལོ་ང་གཅིག་སྟེང་མཁས་གྲུབ་རྗེ་སྐུ་དྲུང་དུ་ཕེབས་ཏེ་ནང་ཐུགས་ཀྱི་སྲས་གཅིག་ཏུ་གྱུར། རྩ་ཤེས་ཊིཀ་ཆེན། འཇུག་པའི་ཊཱིཀ་ཆེན་དང་། ལེགས་བཤད་སྙིང་པོ་རྣམས་བརྩམས་པ་སྟེ། དམ་པ་གོང་མ་རྣམས་འདི་གསུམ་གྱི་སྟེང་ལམ་སྔགས་གཞུང་གཅིག་བྱས་ཏེ་ཐུན་མོང་མ་ཡིན་པའི་མཛད་ཆེན་བཞི་ཞེས་གྲགས་པ་ནི་མཛད་ཆེན་གསུམ་པའོ། །

དགུང་ལོ་ང་གསུམ་སྟེང་ཆོ་འཕྲུལ་སྨོན་ལམ་བཙུགས་པ་དང་། དགའ་ལྡན་ཕྱག་འདེབས་མཛད་དེ་རྒྱུད་སྡེ་རབ་འབྱམས་ཀྱི་བཤད་སྒྲུབ་ཕྱག་བཞེས་མཛད་པ་གཉིས་ལ། ལྷ་སའི་སྨོན་ལམ་ཆེན་མོ་དང་། དགའ་ལྡན་སྒྲུབ་མཆོད་ཆེན་མོ་ཞེས་གྲགས་ཏེ་འདི་དག་ལ་རྗེའི་མཛད་ཆེན་བཞི་བ་ཞེས་བྱའོ། །

མདོར་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནས་མཐའ་དག་མཁྱེན་ཅིང་གཟིགས་པ་དང་། འདུལ་བའི་ལག་ལེན་ཕྲ་མོ་ནས་བཟུང་སྟེ་དུས་ཀྱི་འཁོར་ལོའི་ཟབ་གནད་བར་གྱི་སྒྲོ་འདོགས་ལྷག་མེད་དུ་ཆོད་ནས་ཉམས་པ་སླར་གསོ་དང་མ་ཉམས་པ་དག་ཐེར་མཛད། དཀའ་གནད་རྒྱས་བཤད་དང་ཟབ་དོན་ལ་མི་འཁྲུལ་བའི་གཟེར་བཏབ་སྟེ་འཛམ་གླིང་མཛེས་པའི་རྒྱན་དྲུག་དང་མཆོག་གཉིས་གཅིག་ཏུ་དྲིལ་བ་ལྟ་བུའི་ལེགས་བཤད་ཀྱི་ཕུང་པོ་མཛོད་དུ་གཏམས། མདོ་རྒྱུད་གསུང་རབ་ནས་འབྱུང་བ་ལྟར་གྱི་ཉམས་རྟོགས་ཡོན་ཏན་མ་ལུས་པ་མངོན་དུ་གྱུར། ལྷག་པའི་ལྷ་རྣམས་ཀྱིས་མིས་མི་ལ་བགྲོས་པ་ལྟར་ཞལ་གཟིགས་གསུང་གླེང་རྒྱུན་མར་མཛད། གྲུབ་པའི་མཐའ་རྣམས་ཀྱི་འགངས་དང་གནད་མ་འདྲེས་པར་འཆད་རྩོད་རྩོམ་པ་ས་སྟེང་ན་ཟླ་མེད་པར་གྱུར། བསྟན་པ་ཐམས་ཅད་གྲུ་བཞིར་ལམ་གྱིས་འཁྱེར་བའི་བཀའ་སྲོལ་བཙུགས་ཏེ་རྗེའི་བསྟན་པ་ཞེས་ཐུབ་བསྟན་གྱི་སྙིང་པོ་ཉི་མ་ལྟར་གསལ་བར་མཛད་དེ་དགུང་ལོ་རེ་གསུམ་བར་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པར་བསྐྱངས། བུ་སློབ་གྲངས་མེད་པ་བྱུང་བས་ཆོས་གྲྭ་ཆེན་པོ་སེ་འབྲས། རྒྱུད་སྟོད་སྨད། བཀྲ་ཤིས་ལྷུན་པོ་སོགས་ཀྱིས་མཚོན་པའི་འཛམ་གླིང་གི་བསྟན་པའི་གནས་གཞི་ཆོས་གྲྭ་མང་པོ་གསར་དུ་བཏབ་པ་དང་། ཚུལ་དེ་ལྟ་བུའི་ལྟ་སྒོམ་སྤྱོད་པའི་བསྟན་པ་ནི། ཚིག་གཅིག་ཏུ་དྲིལ་ན་གོང་ས་ལྔ་བ་ཆེན་པོས།

རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་ སྟོབས་ཆེ། །བདེ་སྟོང་མཆོག་གི་རིམ་གཉིས་རྣལ་འབྱོར་སྤྱོད། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ཅེས་གསུངས་པ་ལྟར་རོ། ། པར་དུ་འཁོད་པ་ལ་གསུང་རྩོམ་པོད་བཅུ་དགུ་བཞུགས་སོ།།


ཤོས་ངོས་འདིའི་དཔྱད་གཞིའི་ཡིག་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།
འཇིགས་མེད་ཆོས་ཀྱི་རྡོ་རྗེ་ལགས་ཀྱིས་སྒྲིག་རྩོམ་བྱས་པ་ལས་ཟུར་འདོན་བྱས།