སངས་རྒྱས་ཀྱི་སྐུ་བརྙན་པར་མཛོད་དང་། སྐུ་བརྙན་འགྲེལ་བ།

ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །
ཤཱཀྱའི་གཙོ་བོ་དེ་ལ་ཕྱག་འཚལ་ལོ།།

༄༅།། སྟོན་པ་ཤཱཀྱ་ཐུབ་པར་རྒྱ་ཆེན་རིགས་བཞིས་སྐོར་བ།

སྟོན་པ་ཤཱཀྱ་ཐུབ་པ་ནི་གོང་དུ་གསལ་ཞིང༌། རྒྱ་ཆེན་རིགས་བཞི་ནི་ཤར་དུ་ཡུལ་འཁོར་སྲུང་དང༌། ལྷོར་འཕགས་སྐྱེས་པོ། ནུབ་ཏུ་སྤྱན་མི་བཟང༌། བྱང་དུ་རྣམ་ཐོས་སྲས་བཅས་སོ།།

༄༅།། སངས་རྒྱས་ཤཱཀྱ་ཐུབ་པ།

སངས་རྒྱས་ཤཱཀྱ་ཐུབ་པ་སྟེ། ཆུང་དུས་མཚན་དོན་ཀུན་གྲུབ་པ་ཞེས་གྲགས། ཁོང་ནི་དྲི་མེད་ཤཱཀྱའི་རྒྱལ་རྒྱུད་ལས་ཡབ་ཟས་གཙང་མའི་རིགས་སུ་སྐུ་འཁྲུངས་པ་ཡིན་ལ། དེ་ཡང་ས་མོ་ལུག་གི་ལོའི་ཆུ་སྟོད་ཟླ་བའི་ཉ་ལ་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས། ལྕགས་ཕོ་སྤྲེལ་ལོའི་ས་ག་ཟླ་བའི་ཚེས་བདུན་ལ་ལུ་སྦི་ནའི་ཚལ་དུ་སྐུ་བལྟམས། གཞོན་ནུའི་དུས་ནས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་རང་དབང་དུ་བྱས། བུ་མོ་ས་འཚོ་མ་སོགས་ཁབ་ཏུ་བཞེས་ཏེ་བཙུན་མོའི་ཚོགས་ཀྱིས་བསྐོར་ཏེ་རྒྱལ་སྲིད་བསྐྱངས། དགུང་ལོ་ཉེར་དགུའི་ཐོག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མཆོད་རྟེན་རྣམ་དག་གི་དྲུང་དུ་དཔའ་རང་བྱུང་གིས་བསྙེན་པར་རྫོགས།

ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་འཁྲུངས་ཤིང།། གཞན་གྱི་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ།། གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།།
ཤཱཀྱའི་གཙོ་བོ་དེ་ལ་ཕྱག་འཚལ་ལོ།
གཟུངས་སྔགས། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ།
སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་རྣམ་ཐར། རྒྱལ་སྲས་དོན་གྲུབ།

༄༅།། སངས་རྒྱས་འོད་དཔག་མེད།

དེ་ཡང་སངས་རྒྱས་ཀུན་གྱི་སྐུའི་རིགས་ནི་རྣམ་པར་སྣང་མཛད་དང༌། སངས་རྒྱས་ཀུན་གྱི་གསུང་གི་རིགས་ནི་འོད་དཔག་མེད། སངས་རྒྱས་ཀུན་གྱི་ཐུགས་ཀྱི་རིགས་ནི་མི་སྐྱོད་རྡོ་རྗེ་ཡིན་པར་གསང་སྔགས་ཀྱི་ལུགས་སུ་གསུངས་བས། སངས་རྒྱས་འོད་དཔག་མེད་ནི་སངས་རྒྱས་ཀུན་གྱི་གསུང་པདྨའི་རིགས་ཡིན་ལ་བདེ་ལྡན་ཞིང་གི་མགོན་པོའོ།།

སངས་རྒྱས་འོད་དཔག་མེད་ཉིད་ཁ་དོག་བྱུ་རུ་ལྟར་དམར་པའི་པད་མ་དང་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་ཤིང༌། ཕྱག་ཟུང་ཕྱག་རྒྱ་བཅས་པའི་སྟེང་དུ་བདུད་རྩིས་བཀང་བའི་ལྷུང་བཟེད་འཛིན་པ། འཁོར་དུ་གཡས་ན་འཕགས་པ་སྤྱན་རས་གཟིགས་དང་གཡོན་ན་ཕྱག་ན་རྡོ་རྗེ་བཞེངས་ཡོད།

གཟུངས་སྔགས། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ

༄༅།། རྒྱལ་བ་བྱམས་པ།

ཉེ་སྲས་བརྒྱད་ཀྱི་ཡ་གྱལ་རྗེ་བཙུན་བྱམས་པ་ནི་དགའ་ལྡན་ཞིང་གི་མགོན་པོ་ཡིན་ལ་མ་འོངས་པའི་སངས་རྒྱས་ཡིན། དེ་བས་ཁོང་ཉིད་ལ་སངས་རྒྱས་ཀྱི་ཆས་ཅན་དང་བྱང་སེམས་ཀྱི་ཆས་ཅན་སྐུ་གཉིས་ཡོད། བྱམས་སྐུ་ལ་མདོག་སེར་པོ་ཅན་དང་དམར་པོ་ཅན་ཡོད་ཅིང་དབུའི་ཅོད་པན་གྱི་སྟེང་དུ་མཆོད་རྟེན་གྱིས་བརྒྱན། ཕྱག་ཏུ་པད་སྡོང་བསྣམས་པ་སྙན་གྱི་ཐད་དུ་བྱེ་བའི་སྟེང་དུ་གཡོན་ན་བུམ་པ་དང་གཡས་ན་ཆོས་འཁོར་ཡོད།

མ་འོངས་མྱུར་དུ་འཇིག་རྟེན་དུ་བྱོན་ནས་ཆོས་འཁོར་བསྐོར་བར་འགྱུར་བས་ཞབས་ཟུང་ཅུང་ཟད་བརྐྱངས་པའི་སྟབས་ཀྱིས་སེང་ཁྲི་པད་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་སོ། འདིའི་གཟུངས་བཟླས་པའམ་ཐོས་པས་མ་འོངས་པ་ན་ངན་སོང་དུ་ལྷུང་བ་ལས་ཐར་བར་འགྱུར་པ་དང༌། དེ་ལས་ཐོབ་པའི་བསོད་ནམས་ཀྱིས་དགའ་ལྡན་ཞིང་དུ་སྐྱེས་འཕོ་ཐུབ་ལ། ཞིང་གཞན་དུ་སྐྱེས་པའང་ཚོ་དང་འབྱོར་བ་སོགས་ཀྱིས་མི་ཕོངས་པ་ཡིན་གསུངས།

གཟུངས་སྔགས། ཨོཾ་བུདྡྷ་མེེ་ཏྲི་མེཾ་སྭ་ཧཱ།

༄༅།།ལྟུང་བཤགས་ཀྱི་ལྷ་སོ་ལྔ།

ལྟུང་བཤགས་ཀྱི་ལྷ་སོ་ལྔ་ནི་རྒྱལ་བ་ཤཱཀྱ་ཐུབ་པ་དང༌། རྒྱལ་བ་རྡོ་རྗེ་སྙིང་བོ། རྒྱལ་བ་རིན་ཆེན་འོད་འཕྲོ། རྒྱལ་བ་ཀླུ་དབང་གི་རྒྱལ་པོ། རྒྱལ་བ་དཔའ་བའི་སྡེ། རྒྱལ་བ་དཔལ་དགྱེས། རྒྱལ་བ་རིན་ཆེན་མེ། རྒྱལ་བ་རིན་ཆེན་ཟླ་འོད། རྒྱལ་བ་མཐོང་བ་དོན་ཡོད། རྒྱལ་བ་རིན་ཆེན་ཟླ་བ། རྒྱལ་དྲི་མ་མེད། རྒྱལ་བ་དཔལ་སྦྱིན། རྒྱལ་བ་ཆུ་ལྷ། རྒྱལ་བ་ཆུ་ལྷའི་ལྷ། རྒྱལ་བ་དཔལ་བཟང༌། རྒྱལ་བ་གཟི་བརྗིད་མཐའ་ཡས། རྒྱལ་བ་འོད་དཔལ། རྒྱལ་བ་མྱ་ངན་མེད་པའི་དཔལ། རྒྱལ་བ་སྲེད་མེད་ཀྱི་བུ། རྒྱལ་བ་མེ་ཏོག་དཔལ། རྒྱལ་བ་ཚངས་པའི་འོད་ཟེར། རྒྱལ་བ་པདྨའི་འོད་ཟེར། རྒྱལ་བ་ནོར་དཔལ། རྒྱལ་བ་ཙན་དན་དཔལ། རྒྱལ་བ་དྲན་པའི་དཔལ། རྒྱལ་བ་མཚན་དཔལ་ཡོངས་སྒྲགས། རྒྱལ་བ་དབང་པོའི་མེ་ཏོག་གི་རྒྱལ་མཚན། རྒྱལ་བ་ཤིན་ཏུ་རྣམ་པར་གནོན་པ། རྒྱལ་བ་གཡུལ་ལས་རྒྱལ་བ། རྒྱལ་བ་རྣམ་པར་གནོན་པ། རྒྱལ་བ་ཀུན་ནས་སྣང་བ། རྒྱལ་བ་རི་དབང་གི་རྒྱལ་བོ། རྒྱལ་བ་རིན་ཆེན་པདྨོ་རྣམ་པར་གནོན་པ་བཅས་སོ།།

གཟུངས་སྔགས། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ།

༄༅།། རྒྱལ་བ་རིགས་ལྔ།

རྒྱལ་བ་རིགས་ལྔ་སྟེ། སྤྱིར་གཟུངས་སྔགས་བཟླས་པ་དང་དཀྱིལ་འཁོར་གྱི་ལྷ་སྒོམ་པ་ཙམ་གྱིས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་མི་ཐུབ། ཡེ་ཤེས་ལྔ་ལ་དབང་འབྱོར་ན་ད་བཟོད་སངས་རྒྱས་ཀྱི་གོ་འཕངས་ཐོབ་པ་ཡིན། དེ་ཡང་སངས་རྒྱས་རྣམ་སྣང་ལ་ཡེ་ཤེས་ལྔ་དང་ལྡན་པ་ལྟར་གཞན་རྣམས་ལའང་མཚུངས་སྟེ།
དབུས་སུ་བཞུགས་པ་ནི་སངས་རྒྱས་རྣམ་སྣང་ཡིན་ཞིང་འདིས་གཏི་མུག་ཞི་བར་མཛད་དེ་གཟུགས་ཀྱི་ཕུང་པོ་ཆོས་དབྱིངས་ཡེ་ཤེས་ལ་སྒྱུར་བར་མཛད་པ་མཚོན། གཡས་ཀྱི་འོག་མ་ནི་ཤར་མི་བསྐྱོད་པ་ཡིན། འདིས་ཞེ་སྡང་ཞི་བར་མཛད་དེ་རྣམ་ཤེས་ཀྱི་ཕུང་པོ་མེ་ལོང་ཡེ་ཤེས་ལ་སྒྱུར་པར་མཛད་པ་མཚོན། གཡོན་གྱི་གོང་ནི་ནུབ་སྣང་བ་མཐའ་ཡས་ཡིན། འདིས་འདོད་ཆགས་ཞི་བར་མཛད་དེ་འདུ་ཤེས་ཀྱི་ཕུང་པོ་སོར་རྟོག་ཡེ་ཤེས་ལ་སྒྱུར་བར་མཛད་པ་མཚོན། གཡོན་གྱི་འོག་མ་ནི་བྱང་དོན་ཡོན་གྲུབ་པ་ཡིན། འདིས་ཕྲག་དོག་ཞི་བར་མཛད་དེ་འདུ་བྱེད་ཀྱི་ཕུང་པོ་བྱ་གྲུབ་ཡེ་ཤེས་ལ་སྒྱུར་བར་མཛད་པ་མཚོན་ནོ།།

༄༅།།སངས་རྒྱས་སྨན་བླ།

ནད་ཀྱི་འཇིགས་པ་ལས་སྐྱོབ་པར་མཛད་པའི་སངས་རྒྱས་སྨན་བླ་སྟེ་བཻ་ཊཱརྱ་ཡི་མདོག་དང་ལྡན་ཞིང་དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོས་མཚན་པ། ཕྱག་གཡས་ན་ནད་ཀྱི་གཉེན་པོ་ཨ་རུ་ར་དང་གཡོན་ན་ལྷུང་བཟེད་སྨན་གྱིས་གཏམས་པ་བསྣམས་ཡོད། འདི་ཉིད་མཆོད་ཅིང་བཀུར་པའམ་འདིའི་གཟུངས་བཟླས་ན་ནད་རིགས་ཐམས་ཅད་ཀྱི་འཇིགས་པ་ལས་ཐར་ཐུབ་པར་མ་ཟད་གཞལ་དུ་མེད་པའི་བྱིན་རླབས་དང་ལྡན། དེ་ཡང་ནད་བརྒྱའི་རྩ་བ་ནི་ཉོན་མོངས་དུག་གསུམ་སྟེ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་བསྐྱེད་པའི་སྡུག་བསྔལ་གྱི་འབྲས་བུར་ནད་རིགས་བཞི་རྒྱ་རྩ་བཞི་འབྱུང་བས་ལུས་པོ་ལ་གནོད་ཅིང་འཚེ་བ་ཡིན་པ་དང༌། སངས་རྒྱས་སྨན་བླའི་བྱིན་རླབས་ནི་སྡུག་བསྔལ་དེ་དག་ལས་ཐར་བར་འགྱུར་པའོ།།

ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བེེཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།

གཟུངས་སྔགས། ཏདྱཐཱ། ཨོཾ་བྷཻཥཛྱེ་བྷཻཥཛྱེ། མཧཱ་བྷཻཥཛྱེ་བྷཻཥཛྱེ། རཱཛཱ་སམུངྒ་ཏེ་སྭཱཧཱ།

༄༅།། འཕགས་པ་སྤྱན་རས་གཟིགས།

སྤྱན་རས་གཟིགས་ནི་བོད་ཡུལ་འདུལ་མཁན་ཡིན་ཞིང༌། འདི་ཉིད་དང་འཇམ་པའི་དབྱངས་དང་ཕྱག་ན་རྡོ་རྗེ་གསུམ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པ་རྣམས་ཀྱིས་ངེས་པར་སྒྲུབ་དགོས་པའི་ལྷ་ཡིན། སྤྱན་རས་གཟིགས་ཕྱག་བཞི་བ་འདི་ཉིད་མཆོག་གི་སྤྲུལ་བའི་སེམས་དཔའ་ནི། གངས་རིའི་ཕུང་པོ་བྱེ་བ་ལྟར། དཀར་ཞིང་འོད་འཕྲོ་འཛུམ་བག་ཅན་ཞལ་གཅིག་ཕྱག་བཞི་ཀུན་ལྡན། ཞབས་གཉིས་རྡོ་རྗེ་སྐྱིལ་དྲུང་མཛད། རྩ་བའི་ཕྱག་གཉིས་ཐུགས་ཀ་རུ། ཐལ་མོ་སྦྱར་ཞིང་ཞི་བར་གཟིགས། གཡས་ཀྱི་འོག་མས་ཤེལ་དཀར་གྱི། ཕྲེང་བ་འདྲེན་ཞིང་སྐྱེ་འགྲོ་འདུལ། གཡོན་གྱི་འོག་མས་པད་མ་དཀར། སྙན་གྱི་ཐད་དུ་བྱེ་བ་འཛིན། མཚན་དང་དཔེ་བྱད་མ་ལུས་བཀྲ། ཨེ་ནའི་ལྤགས་པས་ཕྲག་གཡོན་བཀབ། རལ་པའི་ཟུར་ཕུད་ལྔ་དང་ལྡན། འགྲོ་ཀུན་སྙིང་རྗེའི་གསུང་དབྱངས་འབྱིན། རྒྱལ་བའི་འོད་ཟེར་མ་གཏོགས་པ། འོད་ཀུན་མ་ལུས་ཟིལ་གྱིས་གནོན། ཞེས་པ་ལྟར་རོ།

༄༅། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེ་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །

གཟུངས་སྔགས། ཨོཾམཎིཔདྨེཧཱུྃ།

༄༅།། རྡོ་རྗེ་སེམས་དཔའ།

རྡོ་རྗེ་སེམས་དཔའ་ནི་རིགས་བརྒྱའི་ཁྱབ་བདག་ཡིན་ལ། འདི་ཉིད་མདོ་ལུགས་ཀྱི་བྱང་སེམས་ཀུན་ཏུ་བཟང་པོ་དང་གཞི་གཅིག་མཚན་གྱི་རྣམས་གྲངས་སོ། ཡི་དམ་འདི་ཉིད་ཞལ་གཅིག་ཕྱག་གཉིས་དང༌། ལོངས་སྐུའི་རྒྱན་དང་ལྡན་པ། ཕྱག་གཡས་པས་རིག་སྟོང་རྡོ་རྗེ་ཐུགས་ཀར་གསོར་ཞིང་གཡོན་པས་སྣང་སྟོང་དྲིལ་བུ་སྐུ་ལ་བརྟེན་པ། ཞབས་གཉིས་སྐྱིལ་མོ་དྲུང་གིས་བཞུགས་པ། སྐུ་མདོག་དཀར་གསལ་ཟླ་བའི་མདོག་ཅན་ནོ།།

ལྷ་འདི་བསྒྲུབས་ན་སྡིག་སྒྲིབ་ཐམས་ཅད་དག་ཅིང་ཚོགས་གཉིས་འཕེལ་བ་དང༌། ཆོས་གང་རུང་ཞིག་བསྒྲུབས་རྗེས་སུ་འདིའི་གཟུངས་ལན་གསུམ་མམ་བདུན་བཟླས་པ་ཡིན་ན། གང་དེ་སྒྲུབ་པའི་གོ་རིམ་ནང་དུ་རེ་ཞིག་འཁྲུལ་པའམ་ཆད་ལྷག་སོགས་བྱུང་བ་སྐྱོན་དུ་མི་འགྱུར་བ་དང༌། ཁྱད་པར་དུ་མི་སྡིག་ཅན་རྣམས་ཀྱི་ལྷ་འདི་ལ་བསྟེན་ན་རང་ཉིད་ཀྱིས་ཚེ་རབས་རྣམས་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་འདག་པར་གསུངས་སོ།།

གཟུངས་སྔགས། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་དེ་ནོ་པ་ཏིཥྠ་དྲི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིངྔྷི་མྨེ་བྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ་། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མྰ་མེ་མུཉྩ། བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏཱ་ཨཱཿ ཧཱུྃ་ཕཊ།

༄༅།། འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང༌།

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་གྱི་དོན་དགོངས་ནས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མདུན་ནས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བདེ་བའི་ལམ་ལ་འགོད། སེམས་ཅན་ཐམས་ཅད་ཐར་བ་དང་བྱང་ཆུབ་ལ་མ་འཁོད་ཀྱི་བར་དུ་རང་ངལ་ཞིང་དུབ་ནས་བདེ་བའི་བསམ་པ་སྐད་ཅིག་སྐྱེས་ན་ངའི་མགོ་འདི་ཨརྫ་ཀའི་དོག་པ་ལྟར་ཚལ་བ་བཅུ་དང༌། ལུས་པོ་པདྨའི་འདབ་མ་བཞིན་དུ་དུམ་བུ་སྟོང་དུ་བྱེ་བར་གྱུར་ཅིག་ཅེས་དམ་བཅས་ཤིང༌། འགྲོ་དོན་མཛད་དེ་གཟིགས་པ་ན་སེམས་ཅན་རྣམས་བརྒྱའི་ཆ་ཙམ་ཡང་བདེ་བ་འཁོད་མེད་པར་གཟིགས།

༄༅། །ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་བོ་སྟོང་། །སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུད་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།

གཟུངས་སྔགས། ན་མོ་རཏྣཏྲ་ཡཱ་ཡ། ན་མཿཨཱརྱ་ཛྙཱ་ན་ས་ག་ར། བཻ་རོ་ཙ་ན། བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ཏེ་བྷྱཿསམྱཀྶཾ་བུདྡྷེ་བྷྱཿ ན་མཿཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝིཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་བ་ན་ཡེ་སྭཱཧཱ།

ཐུགས་རྗེ་ཆེན་པོ་རྒྱལ་པ་རྒྱ་མཚོ།

བརྩེ་བའི་བདག་ཉིད་ཅན་འཕགས་པ་སྤྱན་རས་གཟིགས་ཀྱིས་འཁོར་བའི་སེམས་ཅན་རྣམས་སྐྱོབ་ཕྱིར་སྐུའི་རྣམ་པ་མི་འདྲ་བའི་སྒོ་ནས་འཕྲིན་ལས་མཛད་པ་ཡིན། དེའི་དབང་གིས་མཚན་གྱི་རྣམ་གྲངས་ཀྱང་མི་འདྲ་བ་ཡོད་པ་དཔེར་ན་འཇིག་རྟེན་དབང་ཕྱུག་དང་བཅུ་གཅིག་ཞལ་དང༌། སྡུག་བསྔལ་རང་གྲོལ་སོགས་ལྟ་བུ་ཡིན། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འང་དེའི་རང་བཞིན་ལས་མི་འདའ། ཞལ་ཐང་འདི་ནི་ཐུགས་རྗེ་ཆེན་པོ་གཙོར་བྱས་པའི་དཀྱིལ་འཁོར་ཡིན་ཞིང་རྩ་ལྷར་གསང་ཡུམ་རྡོ་རྗེ་ཕག་མོས་བཅངས་ནས་རྡོ་རྗེ་སྐྱིལ་དྲུང་དུ་བཞུགས་ཡོད། དེ་ཡང་སྐུ་མདོག་དམར་པོ་ཡིན་པས་འཇིག་རྟེན་དབང་དུ་བྱེད་པ་དང༌། ཐུགས་རྗེའི་སྤྱན་གྱིས་འགྲོ་ཀུན་གཟིགས་པ། ཡབ་ཡུམ་ཟུང་དུ་མཁྱུད་པས་ཐབས་ཤེས་ཟུང་འཇུག ཕྱག་གཡས་སུ་ཕུར་བུ་བསྣམས་པས་བྱང་ཆུབ་ལམ་དུ་ཁྲིད་པ། གཡོན་པ་པད་མ་བསྣམས་པས་འཁོར་བའི་དྲི་མས་མ་གོས་པ། སྐྱིལ་དྲུང་དུ་བཞུགས་པས་འགྲོ་དོན་བསམ་པ། སྐུ་ལ་རྒྱན་དྲུག་ཕྱག་མཚན་ལྡན་པས་ཕར་ཕྱིན་དྲུག་ལ་དབང་མངའ་བ་བཅས་མཚོན།

གཟུངས་སྔགས། ཨོཾ་ཨཱཿཧཱུྃ་ཧྲཱི༔ཨོཾམཎིཔདྨེཧཱུྃ།

༄༅།། མཁན་སློབ་ཆོས་གསུམ།

མཁན་སློབ་ཆོས་གསུམ་ནི། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་ཡིན།

མཁན་སློབ་གཉིས་ཀྱིས་ཆོས་རྒྱལ་ལ་གཞོགས་འདེགས་མཛད་ནས་བསམ་ཡས་གཙུག་ལག་ཁང་བཞེངས། ཞི་བ་འཚོས་མཁན་པོ་གནང༌། སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསང་སྔགས་རྙིང་མའི་ཆོས་ལུགས་དར་རྒྱས་འགྲོ་རྒྱུར་ནུས་པ་ཧ་ཅང་གི་ཆེན་པོ་འདོན་པ་གནང་སྟབས་ཁོང་ལ་རྙིང་མའི་ཆོས་ལུགས་ཀྱི་མེས་པོ་ཞེས་ཡོངས་སུ་གྲགས།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ནང་ཆོས་དར་སྤེལ་གཏོང་རྒྱུར་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་བཅས་ལ་བརྟེན་ནས་རྗེས་འཇུག་པ་ཚོས་ཁོང་གསུམ་ལ་མཁན་སློབ་ཆོས་གསུམ་ཞེས་བརྗོད།

༄༅།། སློབ་དཔོན་པད་མ་འབྱུང་གནས།

མཁན་སློབ་ཆོས་གསུམ་གྱི་ནང་གསེས་སློབ་དཔོན་པད་མ་འབྱུང་གནས་སམ་མཚན་གཞན་མཚོ་སྐྱེས་རྡོ་རྗེ་བྱ་བ་ནི་ཨོ་རྒྱན་གྱི་ཡུལ་དུ་སྐུ་འཁྲུངས། ཟ་ཧོར་གྱི་ཡུལ་དུ་སློབ་དཔོན་དུ་མ་ལས་རྫོགས་ཆེན་གཙོར་གྱུར་པའི་མདོ་རྒྱུད་རྒྱ་མཚོའི་གནས་ལ་གསན་བསམ་གྱི་ཕ་རོལ་ཏུ་ཕྱིན། སྤྱི་ལོའི་དུས་རབས་བརྒྱད་པར་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྤྱན་དྲངས་ནས་བོད་དུ་ཕེབས། དཔལ་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་དགེ་འདུན་གྱི་སྡེ་བཙུགས་པ་སོགས་འཕྲིན་ལས་ཤིན་ཏུ་ཆེ། མཐར་ལྷོ་ནུབ་རྔ་ཡབ་གླིང་དུ་བྱོན་ནས་སྲིན་པོའི་རྒྱལ་པོ་རཀཤ་ཐོད་ཕྲེང་རྩལ་ཞེས་གྲགས།

སྙིགས་མའི་དུས་འདིར་སློབ་དཔོན་རིན་པོ་ཆེ་འདི་མཆོད་ཅིང་བསྒྲུབས་ན་ཞི་རྒྱས་དབང་དྲག་གི་ལས་འགྲུབ་ཅིང་སོ་སོའི་སྡུག་བསྔལ་ལས་གྲོལ་ཐུབ་པར་གསུང་ལ། དེར་མ་ཟད་ཆོས་དང་འཇིག་རྟེན་ཐམས་ཅད་གྱི་གནས་སྣང་ལ་ངེས་པ་རྙེད། འདུལ་ཁྲིམས་ལ་གོམས་ཤིང་ཤེས་རབ་སྐྱེད། གཞན་ད་དུང་ན་ཚ་དང་བར་ཆད་བཟློག ཚེ་ལོ་ཐུབ་ལ་ལོངས་སྤྱོད་རྒྱས་པ་དང༌། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་འདོགས་ཐུབ་པ་སོགས་འབྲས་བུ་བསམ་གྱི་མི་ཁྱབ་པ་ཐོབ་ཐུབ། ཧོར་ཟླའི་ཚེས་བཅུ་ནི་སློབ་དཔོན་ཉིད་ཀྱིས་སེམས་ཅན་ཐར་ལམ་ལ་སྒྲོལ་བའི་རྟེན་འབྲེལ་གྱི་ཉིན་མོ་ཡིན་པས་ཉིན་འདིར་ཁོང་གི་བཀའ་ཆོས་སྒྲུབ་ན་འབྲས་བུ་ལྷག་པར་ཆེ་བའོ།

གཟུངས་བསྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷིཧཱུྃ༔

༄༅།། མར་པ་ལོ་ཙྭ་བ།

མར་པ་ལོ་ཙྭ་བ་ཆོས་ཀྱི་བློ་གྲོས་ནི་ལྷོ་བྲག་ཕུ་ཆུ་ཁྱེར་དུ་སྤྱི་ལོ་ ༡༠༧༢ ཆུ་བྱི་ལོར་འཁྲུངས། དང་པོ་འབྲོག་མིའི་དྲུང་དུ་ལོ་ཙཱ་བསླབས། རྗེས་སུ་རྒྱ་གར་དུ་ལན་གསུམ་དང་བལ་ཡུལ་དུ་ལན་བཞི་བྱོན། རྒྱལ་བ་རྡོ་རྗེ་འཆང་ནས་རིམ་པར་བརྒྱུད་པའི་ཉམས་ལེན་གྱི་ཟམ་མ་ཆད་པར་བཞུགས་པའི་གྲུབ་པའི་དབང་ཕྱུག་གི་བླ་མ་མང་དུ་བསྟེན། ཀྱཻ་རྡོར་དང༌། གསང་འདུས། ཕྱག་རྒྱ་ཆེན་པོ་སོགས་གསང་སྔགས་ཀྱི་གདམས་པ་མཐའ་ཡས་པ་ལག་ལེན་ཆ་ལག་དང་བཅས་པ་སྟོན་པའི་བདག་པོའི་ཞལ་ནས་ཅི་ལྟ་བྱུང་བ་བཞིན་བསླབས་པས་ཚིག་དོན་ཀུན་ལ་མཁྱེན་པའི་ཀློད་བརྡོལ། པཎྜི་ཏ་ཆེན་པོ་ན་རོལ་པ་སོགས་ཀྱིས་ཆོས་ཀྱི་རྒྱལ་པོ་མངའ་གསོལ། སླར་བོད་ཡུལ་དུ་ལོག་ནས་ལྷོ་བྲག་གྲོ་ལུང་དུ་བཞུགས། རྒྱུད་དང་རྒྱ་གཞུང་དུ་མ་བོད་སྐད་དུ་བསྒྱུར། དབང་ལུང་མན་ངག་དང་བཅས་པ་འཆད་སྤེལ་གནང་བས་མཁས་གྲུབ་ཀུན་གྱིས་གཙུག་རྒྱུན་དུ་གྱུར། ཀ་ཆེན་བཞི་སོགས་སློབ་མ་མང་དུ་བསྐྲུན། བཀའ་རྒྱུད་ཀྱི་བསྟན་པའི་སྲོལ་ཐོག་མར་བཙུགས། རང་ལོ་གྱ་དྲུག་པ་ ༡༠༩༧ ༡༡༥༨ མེ་གླང་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས།

གཟུངས་བསྔགས། ཨོཾ་ཨཱཿགུ་རུ་ངྷརྨ་མ་ཏི་སི་ངྔྷི་ཧཱྃ།

༄༅།། རྗེ་བཙུན་མི་ལ་རས་པ།

རྗེ་བཙུན་མི་ལ་རས་པའི་ཆུང་དུས་ཀྱི་མཚན་ལ་ཐོས་པ་དགའ་ཟེར། རབ་བྱུང་དང་པོའི་ལྕགས་འབྲུག་ ༡༠༤༠ ལོར་སྟོད་གུང་ཐང་སྐྱ་རྔ་རྩ་རུ་འཁྲུངས། སྔར་དུས་སུ་མཐུ་བསླབས་ནས་དགྲ་མང་པོ་བསད། སླད་ནས་སྡིག་པ་ལ་འགྱོད་དེ་ཆོས་བྱས་པས་སངས་རྒྱས་པ་ཞིག་སྟེ། ཁོང་གིས་མར་པ་ལོ་ཙྭའི་སྙན་གྲགས་ཐོས་ནས་ལྷོ་བྲག་ཏུ་བྱོན། བླ་མའི་སྲས་མཁར་དགུ་ཐོག་བརྩིགས་པ་སོགས་ཆོས་ཕྱིར་དཀའ་ཆེན་ལོ་དྲུག་ཟླ་བརྒྱད་ཙམ་སྤྱོད་དུ་བཅུག་མཐར་དབང་དང་གདམས་དང་རྫོགས་པར་གནང༌། དགུང་ལོ་ཞེ་ལྔ་པ་ཤིང་བྱི་ལོར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་ཁུལ་དུ་ཕེབས་ཏེ་ལོ་དགུའི་རིང་ལ་ན་བཟའ་རས་རྐྱང་དང་ཟས་ཟྭ་ཚོད་ཙམ་ལ་བརྟེན་པ་སོགས་དཀའ་སྤྱད་དང་སྙིང་རུས་དྲག་པོས་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས། དེ་ནས་ས་ཕྱོགས་གཞན་དུ་འབྱོན་བཞུད་མཛད་ནས་སྣོད་དུ་རུང་བའི་གང་ཟག་རྣམས་ལ་གསང་སྔགས་ཀྱི་གདམས་པ་གནང༌། ཉམས་མགུར་མང་དུ་བརྩམས། རས་ཆུང་པ་དང༌། དྭགས་པོ་ལྷ་རྗེ་སོགས་སློབ་མ་བསྐྱངས་པས་གྲུབ་ཐོབ་མང་པོ་བྱུང༌། སྒྲུབ་བརྒྱུད་ཀྱི་བསྟན་པའི་སྲོལ་བཙུགས་པ་དང༌། རབ་བྱུང་གཉིས་པའི་ཆུ་ཡོས་ ༡༡༢༣ ལ་དགོངས་པ་ཆོས་དབྱིངས་སུ་གཤེགས།

གཟུངས་བསྔགས། ཨོཾ་ཨཱཿགུ་རུ་ཧ་ས་བཛྲ་ཧཱུྃ།

༄༅།། དྭགས་པོ་ལྷ་རྗེ།

དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་ནི་གཉལ་གྱི་ཡུལ་དུ་རབ་བྱུང་དང་པོའི་ས་ལུག ༡༠༧༩ ལོར་འཁྲུངས། ཆུང་དུས་སྨན་དཔྱད་ཀྱིས་ནད་པ་མང་པོའི་དོན་མཛད་པས་ལྷ་རྗེར་གྲགས། དགུང་ལོ་ཉེར་དྲུག་ལ་ཆོས་སྒོར་ཞུགས་ནས་མདོ་སྔགས་ཀྱི་ཆོས་ལ་སྦྱངས་པས་མཁས་པར་གྱུར། དགུང་ལོ་སོ་གཉིས་པ་ལྕགས་སྟག་ལོར་རྗེ་བཙུན་མི་ལའི་སྙན་པ་གསན་ནས་བསྟོད་ཕྱོགས་སུ་བྱོན། གདམས་ངག་གསན་ཏེ་ཉམས་མྱོང་གི་རྩལ་ཐོན། དབུས་སུ་ཕེབས་ཏེ་དྭགས་ལྷ་སྒམ་པོར་དགོན་པ་བཏབ་སྟེ་བཞུགས།

བཏིང་ངེ་འཛིན་རྒྱལ་པོའི་མདོ་སོགས་ཡོངས་སུ་གྲགས་པའི་མདོ་བཞི་ལས་སྙིགས་མའི་དུས་འདིར་སྙིང་པོའི་བསྟན་པ་སྤེལ་བ་ལུང་བསྟན་པ་ལྟར། བཀའ་གདམས་པའི་ལམ་རིམ་དང༌། མི་ལའི་ཕྱག་རྒྱ་ཆེན་པོའི་གདམས་པ་གཅིག་ཏུ་དྲིལ་ནས་ལམ་རིམ་ཐར་རྒྱན་སོགས་བསྟན་བཅོས་མཛད། གདུལ་བྱའི་དབང་པོ་མཆོག་དམན་ལྟར་གང་ལ་གང་མཚམས་ཀྱིས་གདམས་ངག་གནང་སྟེ་སློབ་མ་མཐའ་ཡས་པ་བསྐྱངས། དྭགས་པོ་བཀའ་བརྒྱུད་ཅེས་པའི་སྲོལ་བཙུགས། དགུངས་ལོ་དོན་ལྔ་པ་ ༡༡༥༣ ཆུ་བྱ་ལོའི་ཟླ་བ་དྲུག་པའི་ཚེས་བཅོ་ལྔའི་ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས་ཏེ་ཐུགས་ལྗགས་སྤྱན་གསུམ་རིང་བསྲེལ་དུ་མ་དད་ལྡན་གྱི་རྟེན་དུ་བཞག་པའོ།

གཟུངས་བསྔགས། ཨོཾ་ཨཱཿགུ་རུ་ཧ་ས་བཛྲ་ཧཱུྃ།

༄༅།། ཀརྨ་དུས་གསུམ་མཁྱེན་པ།

རབ་བྱུང་གཉིས་པའི་ལྕགས་སྟག་ལོར་མདོ་ཁམས་ཏྲེ་ཤོད་གངས་ཀྱི་ར་བར་འཁྲུངས། ལོ་བཅུ་དགུ་པ་ནས་བཟུང་དབུས་སུ་དབུ་ཚད་དང་བཀའ་གདམས་པའི་ལམ་རིམ་སོགས་མང་དུ་གསན། རང་ལོ་སུམ་ཅུ་པར་སྒམ་པོ་བ་ཁུ་དབོན་ལས་གདམས་པ་དུ་མ་མནོས།

རབ་བྱུང་གསུམ་པའི་མེ་ཡོས་ལོར་ཁམས་རི་བོ་ཆེར་ཀརྨ་པའི་གདན་ས་བཏབ་པས་ཀརྨ་པ་ཞེས་ཐོགས་ཤིང༌། ཕྱིས་སུ་ལྷ་སའི་ཉེ་འདབས་སྟོད་ལུང་དུ་མཚུར་ཕུ་དགོན་པ་བཏབ་པས་ཀརྨ་གདན་ས་གོང་འོག་གཉིས་ཞེས་གྲགས། རབ་བྱུང་གསུམ་པའི་ཆུ་གླང་ལོ་དགུང་ལོ་བརྒྱད་ཅུ་རྩ་བཞི་པ་ལ་འདས།

༄༅།། ཀརྨ་པཀིཤ་ཆོས་ཀྱི་བླ་མ།

རབ་བྱུང་གསུམ་པའི་ཤིང་བྱི་ལོར་ཁམས་འབྲི་ལུང་དུ་སྐུ་འཁྲུངས་པ་འདི་ཉིད་ཀརྨ་དུས་གསུམ་མཁྱེན་པའི་ཡང་སྲིད་དུ་ངོས་བཟུང་བས་བོད་ལ་བླ་མའི་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་ཐོག་མ་དེ་ནས་འགོ་ཚུགས། དུས་གསུམ་མཁྱེན་པའི་ཡང་སློབ་སྤོམ་བྲག་པ་བླ་མར་བསྟེན། མེ་ལུག་ལོ་ནས་མཚུར་ཕུ་ལ་ཕེབས་ཏེ་ལོ་དྲུག་བཞུགས། སེ་ཆེན་རྒྱལ་པོས་གདན་དྲངས་པ་བཞིན་རོང་ལུས་གསེར་སྟོད་དུ་རྒྱལ་པོ་དང་མཇལ། ནང་སོག་ཏུ་འཕྲུལ་སྣང་སྤྲུལ་པའི་ལྷ་ཁང་བཞེངས།

རབ་བྱུང་བཞི་པའི་མེ་འབྲུག་ལོར་མོང་གོར་རྒྱལ་པོས་གདན་དྲངས་ཏེ་གུ་ཤྲྀའི་གསེར་ཐམ་དང་ཞྭ་ནག་གསེར་མདོངས་ཅན་གནང་བས་ཀརྨ་པཀིཤ་ཞེས་གྲགས། པཀིཤ་ཞེས་པ་སོག་སྐད་དུ་སློབ་དཔོན་ཟེར། ལྕགས་སྤྲེལ་ལོ་མོང་གོར་རྒྱལ་པོ་འདས། གོ་བེ་ལ་གཅེན་གཅུང་ནང་མ་མཆམས་པ་དང་འབྲེལ་ཚུལ་གྱི་དབང་གིས་བཙོན་དུ་བཟུང་ཞིང་རྒྱང་འབུད་བཏང༌། ཤིང་བྱི་ལོར་གུ་ཡངས་བྱུང་སྟེ་དབུས་སུ་ཕེབས་པའི་ལམ་བར་མདོ་ཁམས་སུ་བསྟན་པ་ལོ་བརྒྱད་སྤེལ། དེ་ནས་མཚུར་ཕུར་བྱོན། དགོན་པ་རྒྱ་ཆེར་བསྐྲུན། རབ་བྱུང་ལྔ་པའི་ཆུ་ལུག་ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།

༄༅།། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།

རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ནི་བོད་ཀྱི་དགེ་ལུགས་པའི་གྲུབ་མཐའ་སྲོལ་གཏོད་པ་པོ་ཡིན་ཞིང༌། རབ་བྱུང་དྲུག་པའི་ ༡༣༥༧ མེ་བྱ་ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། ཁོང་གི་ཡབ་ལ་ཧ་དབེན་རྒྱལ་རབས་ཀྱི་དུས་སུ་ཏ་ཁ་ཆེ་ཞེས་པའི་གོ་གནས་ཐོབ། ཁོང་རང་ལོ་བདུན་ལ་རབ་ཏུ་བྱུང་བ་དང༌། བཅུ་དྲུག་ལ་དབུས་སུ་ཕེབས། རིག་གནས་དང་བཀའ་པོད་ལྔ་སོགས་ལ་ཐོས་བསམ་སྒོམ་གསུམ་དང༌། མདོ་སྔགས་ཀྱི་བསྟན་པ་ལ་དག་ཐེར་ནན་ཏན་མཛད། ཞལ་སློབ་ཤཱཀྱ་ཡེ་ཤེས་ཏཱ་མི་རྒྱལ་བོའི་དྲུང་དུ་སྐུ་ཚབ་ཏུ་བཏང༌། དེ་ནས་ཤཱཀྱ་ཡེ་ཤེས་ལ་བྱམས་ཆེན་ཆོས་རྗེ་ཞེས་པའི་འཇའ་ས་བྱུང་སྟེ་རྒྱ་བོད་དབར་གྱི་འབྲེལ་ལམ་དམོ་པོ་ཚུགས། ས་གླང་ལོ་ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས། དགའ་ལྡན་དང་བདེ་ཆེན་གསང་སྔགས་མཁར་ཕྱག་བཏབ་གནང༌། སེར་འབྲས་དང་རྒྱུད་གྲྭ་སྟོད་འཛུགས་པའི་བཀོད་པ་མཛད། ལམ་རིམ་དང་སྔགས་རིམ་སོགས་ལེགས་བཤད་ཀྱི་གསུང་རྩོམ་རྒྱ་ཆེར་སྤེལ། རྒྱལ་ཚབ་རྗེ་དང༌། མཁས་གྲུབ་རྗེ། དགེ་འདུན་གྲུབ་སོགས་སློབ་མ་མང་དུ་བསྐྲུན། ༡༤༡༩ རབ་བྱུང་བདུན་པའི་ས་ཕག་ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།

༄༅།། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

གཟུངས་བསྔགས། ཨོཾ་ཨཱཿགུ་རུ་བཛྲ་ངྷ་ར་སུ་མ་ཏི་ཀི་རྟི་སིངྔྷི་ཧཱུྃ་ཧཱུྃ།

༄༅།། རྒྱལ་དབང་ལྔ་བ་ཆེན་མོ།

རབ་བྱུང་བཅུ་བའི་མེ་སྦྲུལ་ ༡༦༡༧ ལོར་དབུས་ཕྱོགས་ཀྱི་ལྷོ་ཁ་འཕྱོངས་རྒྱས་རྫོང་དུ་སྐུ་འཁྲུངས། རབ་བྱུང་བཅུ་བའི་ཆུ་ཁྱི་ལོ་གདན་དྲངས་བ་ལྟར་འབྲས་སྤུངས་ལ་ཕེབས། རབ་བྱུང་བཅུ་བའི་ཤིང་གླང་ལོར་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་བསྟེན་ནས་རབ་ཏུ་བྱུང༌།

རབ་བྱུང་བཅུ་གཅིག་པའི་མེ་གླང་ལོར་པཎ་ཆེན་སྐུ་ཕྲེང་བཞི་བ་དང་བཀའ་མོལ་གནང་ནས་སྐུ་ཚབ་གཅིག་མངགས་ཏེ་མན་ཇུ་རྒྱལ་ཚབ་དང་འབྲེལ་བ་བཙུགས། རབ་བྱུང་བཅུ་གཅིག་བའི་ཆུ་རྟ་ལོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཁམས་ཡོངས་རྫོགས་དབང་དུ་བསྒྱུར་བའི་མཚན་ཕུལ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་གི་གཞི་ཚུགས།

ཆུ་འབྲུག་ལོར་འཇམ་དབྱངས་གོང་མ་ཧུན་ཀྲིའི་བཀའ་བཞིན་པེ་ཅིན་ཏུ་ཕེབས། དེའི་ཕྱི་ལོར་འཇམ་དབྱངས་གོང་མས་ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་ངྷྭ་ར་ཏཱ་ལའི་བླ་མ་ཞེས་པའི་གོ་མིང་གནང་། རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

༄༅།། པཎ་ཆེན་སྐུ་ཕྲེང་དྲུག་པ།

བོད་ཀྱི་དགེ་ལུགས་པའི་སྤྲུལ་སྐུ་པཎ་ཆེན་ཨེར་ཏི་ནི་སྟེ། པཎ་ཞེས་པ་ལེགས་སྦྱར་སྐད་ པཎྜི་ཏའི་བསྡུས་མིང་ཡིན་ཞིང་བོད་སྐད་དུ་མཁས་པའི་དོན་ལ་འཇུག ཨེར་ཏི་ནི་ཞེས་པ་སོག་སྐད་དེ་བོད་སྐད་དུ་རིན་པོ་ཆེའི་དོན་ཡིན།

པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་མཆོག་ནི་བོད་རབ་བྱུང་བཅུ་གཉིས་པའི་ས་རྟ་ལོར་སྤྱི་ལོ་༡༧༣༨ལ་འཁྲུངས།

རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ལོར་སྤྱི་ལོ་ ༡༧༨༠ ལ་རྒྱ་ནག་གོང་མ་ཆན་ལུང་གི་གདན་ཞུས་ལྟར་པེ་ཅིན་དུ་ཕེབས། ལོ་དེ་ཉིད་ལ་རྒྱ་ནག་གོང་མས་གཡང་ཊིའྀ་འཇའ་ས་དང་ཐམ་ག་སོགས་གཟིགས་བཟོས་ཆེན་པོ་གནང༌། ལོ་དེར་པེ་ཅིན་དུ་དགོངས་པ་རྫོགས།

༄༅།། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།

ས་སྐྱ་པཎྜི་ཏཀུན་དགའ་རྒྱལ་མཚན་ནི་རབ་བྱུང་གསུམ་པའི་ཆུ་སྟག་ལོར་གཙང་དུ་སྐུ་འཁྲུངས། རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནས་མ་ལུས་པ་གསན། དགུང་ལོ་ཉེར་གསུམ་ནས་བཟུང་ཁ་ཆེ་པཎ་ཆེན་མཁན་སློབ་ལས་རིག་གནས་ཆེ་ཆུང་བཅུ་ལ་སྦྱངས་པ་མཐར་ཕྱིན་མཛད་པས་པཎྜི་ཏའི་མཚན་སྙན་ཐོབ་པ་འདི་བོད་ཀྱི་པཎྜི་ཏའི་ཏ་དང་པོ་དེ་ཡིན།

རབ་བྱུང་བཞི་བའི་ཤིང་འབྲུག་ལོར་ཧོར་རྒྱལ་ཨོ་གོ་པའི་སྲས་གོ་དན་གྱིས་གདན་དྲངས་པ་བཞིན་ཁོང་དང༌། སྐུ་ཚ་འགྲོ་མགོན་འཕགས་པ། ཕྱག་ན་གཉིས་བཅས་ཅུ་སྡེ་བཞི་སྟེ་དེང་སང་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཝེ་ས་ཆར་ཕེབས་ནས་རྒྱལ་བོ་དང་མཇལ། མཆོད་ཡོན་གྱི་འབྲེལ་བ་ཆགས། བོད་དུ་དཔོན་རིགས་བསྐོ་ལུགས་དང༌། ཁྲལ་འུལ་བསྐུལ་ཚུལ་སོགས་ལ་ཞལ་འཆམས་ཏེ། བོད་ཀྱི་བཀའ་གྲོས་ལ་དབང་བའི་བླ་དཔོན་སེར་སྐྱ་རྣམས་ལ་ཡི་གེ་སྔ་ཕྱི་ལན་གཉིས་བཏང་ནས་དབུས་གཙང་གི་ས་ཕྱོགས་རྣམས་ཧོར་རྒྱལ་པོའི་མངའ་ཁོངས་སུ་བཅུག

སྡོམ་གསུམ་རབ་དབྱེ་དང༌། ཚད་མ་རིག་གཏེར། མཁས་མཇུག ལེགས་བཤད་རིན་པོ་ཆེའི་གཏེར་སོགས་མང་དུ་བརྩམས། རང་ལོ་བདུན་ཅུ་པ་རབ་བྱུང་བཞི་བའི་ཐོ་རངས་ལ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་ངོ་མཚར་བའི་རྟགས་དུ་མ་དང་བཅས་ཏེ་སྒྱུ་འཕྲུལ་སྐུ་ཡི་བཀོད་པ་རེ་ཞིག་བསྡུ་མཛད་དོ།།

ཚེས་ཉེར་ལྔར་སྐུ་གདུང་བཞུས་པའི་དུ་བ་ཐམས་ཅད་འཇའ་ཚོན་དུ་གྱུར། རོལ་མོའི་སྒྲ་སོགས་ངོ་མཚར་མང་པོ་བྱུང༌། གདུང་ཕལ་ཆེར་རིང་བསྲེལ་དང་རྟེན་གསུམ་མང་དུ་བྱོན་ནོ།།

༄༅།། འགྲོ་མགོན་ཆོས་རྒྱལ་འཕགས་པ།

འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི། རབ་བྱུང་བཞི་བའི་ཤིང་ལོ་ལུགས་ལོར་སྐུ་འཁྲུངས། ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་དཀའ་ཚེགས་མེད་པར་ཐུགས་སུ་ཆུད་ཅིང་སྔོན་གནས་རྗེས་སུ་དྲན། དགུང་ལོ་གསུམ་པ་ལ་སྒྲུབ་ཐབས་མཚོ་སྐྱེས་ལ་སོགས་པ་ཐུགས་ལས་གསུངས་པས་ཐམས་ཅད་ངོ་མཚར་ཏེ། འདི་ནི་ངེས་པར་འཕགས་པ་འོ་ཞེས་ཀུན་ཏུ་གྲགས་པས་མཚན་ཡང་དེ་ཉིད་ཆགས། དགུང་ལོ་བཅུ་པ་ལ་རབ་དུ་བྱུང༌། དགུང་ལོ་བཅུ་གསུམ་པ་ལ་ཧོར་ཡུལ་དུ་ཕེབས། དགུང་ལོ་བཅུ་དགུ་པ་ལ་ཧོར་སེ་ཆེན་གན་གྱིས་ཕོ་བྲང་དུ་སྤྱན་དྲངས་ཏེ་ཉམས་སད་པ་ན། ཆོས་དང་སྲིད་ཀྱི་ཤེས་བྱ་ཀུན་ལ་མཁྱེན་རབ་ཐོག་པ་མེད་པས་རྒྱལ་པོ་འཁོར་བཅས་ཡིད་རབ་ཏུ་འཕྲོགས། རྒྱལ་པོའི་བཙུན་མོས་རྫུ་འཕྲུལ་སྟོན་པར་གསོལ་བ་བཏབ་པའི་ཚེ། རལ་གྲིས་རང་གི་དབུ་དང་ཕྱག་ཞབས་བཞི་བྲེག་ནས་རྒྱལ་བ་རིགས་ལྔ་དངོས་སུ་བསྟན་པས་རྒྱལ་པོ་བཙུན་མོ་སོགས་མི་ཕྱེད་པའི་དད་པ་ཐོབ།

དགུང་ལོ་ཉེར་གཅིག་པ་ལ་བསྙེན་པར་རྫོགས། གཞན་ཡང་ཧོར་ཡིག་གསར་བ་བརྩམས། དགུང་ལོ་སོ་གཅིག་པ་ཤིང་གླང་ལས་ས་སྐྱར་ཕེབས། གསེར་ཐོག་ཆེན་མོར་རྡོར་དབྱིངས་ཀྱི་ལྷ་ཚོགས་བཞུགས་པའི་བཀྲིས་སྒོ་མང་རིན་པོ་ཆེ་དུ་མས་བརྒྱན་པ་དང༌། རྗེ་བཙུན་གོང་མ་རྣམས་ཀྱི་ཕྱི་རྟེན་སྐུ་འབུམ་བདུན་ལ་གདུགས་ཆོས་འཁོར་གསེར་ཟངས་ལས་གྲུབ་པ་དང༌། ཁྱད་པར་སྐུ་འབུམ་ལ་གསེར་ཐོག་རྣམས་མཛད། མེ་གླེང་གི་དཔྱིད་ཟླ་ར་བར་གཙང་ཆུ་མིག་རིང་མོར་དགེ་འདུན་ཁྲི་ཕྲག་བདུན་དང༌། ཆོས་སྨྲ་བའི་བཤེས་གཉེན་སྟོང་ཕྲག་དུ་མ། འགྲོ་བ་ཕལ་བ་བཅས་འབུམ་དུ་ལོངས་པ་ལ་ཐོག་ཆེན་སེམས་བསྐྱེད་ལ་སོགས་པའི་ཆོས་འཁོར་ཆེན་པོ་ཞག་བཅུ་བཞིའི་བར་དུ་བསྐོར།

དགུང་ལོ་ཞེ་དྲུག་པ་ ༡༢༨༠ ལོའི་ཟླ་ཚེས ༢༢ ལ་ནམ་མཁའ་ནས་སྒྲ་འོད་དང་མེ་ཏོག་གི་ཆར་བབས་པ་སོགས་ངོ་མཚར་བའི་ལྟས་དང་བཅས་མཆོད་པའི་ཚོགས་རྒྱ་ཆེན་པོ་ཤོམས་གསུངས་ནས་སྔ་གྲོའི་ཆ་ལ་རྡོར་དྲིལ་ཐུགས་ཀར་བསྣམས་ཏེ་ལྷ་ཁང་བླ་བྲང་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ།།

གཟུངས་བསྔགས། ཨྃ་ཨཱཿཨཱརྱ་མ་ཏི་ངྷྭ་ཛ་ཤྲི་བྷ་དྲ་ཧཱུྃ།

༄༅།། རྗེ་བཙུན་གྲགས་པ་རྒྱལ་མཚན།

རྗེ་བཙུན་གྲགས་པ་རྒྱལ་མཚན་ནི་ ༡༡༤༧ ལོར་འཁྲུངས། སྨྲ་ཤེས་ནས་དབེན་པ་ལ་དགའ་ཞིང་ཡོན་ཏན་ཁོ་ན་བསྒྲུབ་པ་ལ་བརྩོན་པ་བྱིས་པའི་སྤྱོད་པ་ལས་འདས།

དགུང་ལོ་བརྒྱད་ལོན་པ་ན་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཅིག་ལ་རང་གི་སློབ་དཔོན་རྣམས་ཀྱིས་གཙོས་མཁས་པའི་དབུས་སུ་གཞུང་དང་དོན་བཅས་པ་ཐུགས་ལས་གསུངས་པས་ཐམས་ཅད་ངོ་མཚར་སྐྱེས་ཏེ་མཚན་བློ་གྲོས་ཆེན་པོ་ཞེས་བཏགས། ཐུགས་སྲས་སློབ་མའི་གཙོ་བོ་ས་པཎ་ཡིན། བསྟན་བཅོས་རྩོམ་པ་ཐམས་ཅད་བརྗོད་བདེ་ཞིང་རྟོགས་སླ་ལ་རྣ་བར་སྙན་པ་གང་ཟག་གི་བློ་དང་བསྟུན་ནས་མཛད། གྲུབ་པའི་མཚན་མ་མངོན་སུམ་དུ་བརྙེས། ཆོས་རྗེ་པ་ལ་ང་རེ་ཞིག་བདེ་བ་ཅན་དུ་འགྲོ། ཅེས་གསུངས་ཏེ་རབ་བྱུང་བཞི་པའི་མེ་ཕོ་བྱི་བའི་ལོ ༡༢༧༦ དབོ་ཟླ་བའི་ཚེས་བཅུ་གཉིས་ལ་གསང་སྔགས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་འགའ་ཞིག་ལ་ཐུགས་རྩེ་གཅིག་ཏུ་མཛད་དེ་བདེ་བ་ཅན་དུ་གཤེགས་པར་གྱུར་ཏོ།།

གཟུངས་བསྔགས། ཨྃ་ཨཱཿབྷ་ཊྚ་ར་ཀ་ཡ་ཤ་ངྷྭ་ཛ་ཧཱུྃ།

༄༅།། བརྩེ་ཆེན་ཀུན་དགའ་སྙིང་པོ།

བརྩེ་ཆེན་ཀུན་དགའ་སྙིང་པོ་ནི་ ༡༠༩༢ ལོ་འཁྲུངས། ཐུན་མོང་གི་ཀློག་དང་ཡིག་རྩིས་ལ་སོགས་པ་རབ་ཏུ་བྱང་ཞིང་ལུགས་ཀྱི་བསྟན་བཅོས་རྣམས་དང༌། བརྟག་པ་རྣམ་བརྒྱད་སོགས་མཁས། གཞན་ཡང་སྒྱུ་རྩལ། སྨན་དཔྱད། སྒྲ། སྙན་ངག་སྡེབ་སྦྱོར་ལ་སོགས་པའི་ཚུལ་དུ་མས་འཇིག་རྟེན་པ་ཀུན་གྱི་ཡིད་ཚིམ་པར་མཛད། མཁས་གྲུབ་ཀྱི་བླ་མ་དམ་པ་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་སྟོང་ཕྲག་དུ་མ་གསན། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་བརླན། དངོས་པོ་གང་ལའང་མི་ཆགས་ལ་དད་པ་དང་སྒྲུབ་པའི་སྒོ་ནས་བླ་མ་རྣམས་མཉེས་པར་མཛད་དེ་ནང་དུ་རྟེན་འབྲེལ་ཐམས་ཅད་བསྒྲིགས་པས་ཡི་དམ་ལྷ་ཡི་ཞལ་གཟིགས། ཆོས་ཐམས་ཅད་ལ་མངའ་བརྙེས། མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད། རྒྱུད་དང་མན་ངག་ཟབ་མོའི་བདུད་རྩིས་སྐལ་ལྡན་རྣམས་རྗེས་སུ་འཛིན་པར་མཛད་དོ།

གསུང་རྩོམ་ནི་གོང་གི་རྣམ་འགྲེལ་བཅུ་གཅིག་མ་ཐེ་བའི་པོ་ཏི་གཉིས་བཞུགས། དགུང་ལོ་དྲུག་ཅུ་རེ་བདུན་རབ་བྱུང་གསུམ་པའི་ས་ཕོ་སྟག་ ༡༡༥༨ ཀྱི་དབྱུག་པ་ཟླ་བའི་ཚེས་བཅུ་བཞི་ལ་གཡང་རུ་སྐྱ་བོ་ཁ་གདངས་སུ་ཞི་བར་གཤེགས།

གཟུངས་བསྔགས། ཨྃ་ཨཱཿམ་ཧཱ་བྷཱུ་མི་པཎྚུ་ཨཱ་ནནྡ་ག་རྦྷ་ཧཱུྃ།

༄༅།། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ།

སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ནི་ ༡༡༣༧ ལོར་དཔལ་ལྡན་ས་སྐྱར་སྐུ་འཁྲུངས། འཁྲུངས་མ་ཐག་སཾ་སྐྲཏའི་སྐད་དང༌། བདག་ནི་བྱིས་པའི་སྤྱོད་པ་ལས་འདས་པའོ། ལན་གཉིས་སུ་གསུངས་པར་གྲགས། དགུང་ལོ་གསུམ་ནས་དམ་པའི་སྐྱེས་བུ་དུ་མའི་ཞལ་སྒོ་ལས་ལེགས་གསུང་རྒྱ་ཆེན་པོ། རྒྱུད་འགྲེལ། སྒྲུབ་དཀྱིལ། དབང༌། བྱིན་རླབས་གདམས་ངག་ཕྱག་བཞེས། ཁྲིད་བཀའ་ལུང་དང་བཅས་པ་ལེགས་པར་གསན་ནས་མ་ལུས་པ་ཐུགས་སུ་ཆུད་པར་མཛད། དགུང་ལོ་ཉི་ཤུ་རྩ་དྲུག་པ་ལ་ཆོས་ལ་འཇུག་པའི་སྒོ་ཞེས་བའི་བསྟན་བཅོས་མཛད། དགུང་ལོ་ཉེར་བརྒྱད་བཞེས་པའི་ཚེ་གཟིམ་ཁང་མར་ལམ་འབྲས་གསུངས་པའི་ཚེ་ལྟ་བའི་ཁྲིད་ཀྱི་སྐབས་སུ་དུས་གཅིག་ལ་སྐུའི་བཀོད་པ་གསུམ་བསྟན།

དགུང་ལོ་ཞེ་གཅིག་པ། རབ་བྱུང་གསུམ་པའི་ཆུ་ཕོ་སྟག་གི་ལོ་སྨལ་པོ་ཟླ་བའི་ཚེས་བཅུ་གཅིག་ལ་ཆོས་ཉན་གྱི་སློབ་མ་ཀ་པ་ཐོགས་པ་བརྒྱད་ཅུ་ཙམ་གྱི་དབུས་སུ་ཆོས་གསུང་འཕྲོ་ལ་ཆོས་ཁྲིའི་སྟེང་ནས་སྐུ་དེ་ཉིད་ལྷའི་རོལ་མོ་སོགས་འགྲོ་བའི་སྣང་ཚུལ་ཐ་དད་པ་དུ་མ་དང་བཅས་བདེ་བ་ཅན་དུ་གཤེགས་སོ།།

གཟུངས་བསྔགས། ཨྃ་ཨཱཿཨཱ་ཙརྱ་པུཎྱ་ཨ་གྲ་ཧཱུྃ།